R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A):
[A:༦]བཟང་གིས་མཛད་པ་སོགས་ཡིག་ཆ་བཟང་ལ་མང་བ་ཡོད་པས། དེ་རྣམས་སུ་ཤེས་པར་བྱའོ། །འདི་ནི་མང་པོ་བློ་ལ་མི་འཇགས་པ་ལ་ས་བོན་ཙམ་ཞིག་མི་བརྗེད་པའི་ཆེད་དུའོ།། །།དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་ས་ལ། གསུམ་པ་འཇམ་དབྱངས་ཤེས་རབ་རྒྱ་མཚོ་ནི། གཙང་ཆུ་མིག་གི་བྱ་འདབ་ཕྱུག་གྲོང་དུ་སྐུ་འཁྲུངས། ཡབ་རྒྱལ་མཚན་དར་དང༌། ཡུམ་ལྷུན་གྲུབ་རྒྱལ་མོ་ཟེར། སྲས་གསུམ་འཁྲུངས་པ་ལས། བདག་ཉིད་ཆེན་པོ་འདི་ཆུང་ཤོས་བྱི་ལོ་པ་ཡིན། བདག་ཆེན་ཀུན་རིན་ལ་མཚན་ཞུས་པས་བསོད་ནམས་འཕེལ་ཞེས་པ་གནང་དབང་བྱིན་རླབས་རིམ་པར་གནང་ཞིང་བསྟན་འཛིན་གྱི་སྐྱེས་བུ་ཞིག་ཏུ་འབྱུང་བར་ལུང་བསྟན། གདུང་ནི་འགར་ཏེ། འགར་མི་ཡེ་ཤེས་གཡུང་དྲུང་སོགས་ཀྱི་དབོན་རྒྱུད་ཡིན། རྒྱ་སྟོན་ཙནྡྲ་དེ་ཝའི་དྲུང་དུ་འབྲི་ཀློག་སྦྱངས། དགུང་ལོ་བཅུ་བཞི་པ་ལ་སྣར་ཐང་གི་གདན་ས་བཅུ་བཞི་པ་གྲུབ་པ་ཤེས་རབ་ཀྱིས་མཁན་པོ། ཤེས་རབ་དཔལ་བས་སློབ་དཔོན། རྒྱ་སྟོན་ཙནྡྲ་དེ་ཝ་སོགས་ཀྱི་དབུས་སུ་རབ་བྱུང་མཛད། མཚན་ཤེས་རབ་རྒྱ་མཚོ་གྲགས་པ་དཔལ་དུ་གསོལ། དགུང་ལོ་ཉི་ཤུ་པར་སྔར་གྱི་མཁན་པོ་དེ་ཉིད་ལ་སློབ་དཔོན་གྲུབ་གྲགས། གསང་སྟོན་དཀོན་མཆོག་རིན་ཆེན། སྤྱན་སྔ་སྦྱིན་པ་དཔལ་བཟང་སོགས་ཀྱིས་དགེ་འདུན་མཛད་དེ། བསྙེན་རྫོགས་མཁན་པོ་དེ་ཉིད་ལ་ཆོས་ཀྱང་མང་དུ་གསན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་སོགས་བླ་མ་མང་དུ་བསྟེན། ཐུགས་རྒྱུད་སྡོམ་པ་གསུམ་གྱིས་གཏམས་ཐོས་བསམ་བསྒོམ་པ་མཐར་ཕྱིན། ས་སྐྱ། སྣར་ཐང་སོགས་སུ་གྲྭ་སྐོར་མཛད། ཆོས་རྗེ་རྒྱལ་མཆོག་པ་ལ་དོན་གསལ། གཡག་ཊཱིཀ་སོགས་གསན། རོང་སྟོན་ཆེན་པོའི་དྲུང་དུ་བསྙེན་ཚེ་འཇུག་པ་གསུང་འཕྲོ། དེ་ཉིད་ཉེ་བར་སྟོན་པའི་སྣོད་ནི་འདི་ཡིན་ཏེ། །དེ་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ། །ཞེས་པའི་ཐད་དུ་ཕེབས་པས་རྟེན་འབྲེལ་འགྲིགས། ཆོས་རྗེ་ས་པཎ་གྱིས་རྗེས་སུ་བཟུང༌། ཚད་མ་ལ་དབང་འབྱོར། རིགས་གཏེར་གྱི་སྤྱི་དོན་མཛད།