སྐུ་ཆུང་ངུ་ནས་བསྟན་ལ་ལྷག་པར་དད་དེ་ཁྱིམ་ཐབས་ཀྱི་བྱ་བ་གཞི་མདོའི་རྩ་བཞིན་དོར་ནས། བསྟན་པ་རིན་པོ་ཆེའི་སྒོར་འཇུག་པར་བྱ་བའི་ཕྱིར་དུ་དཔལ་ཨེ་ཝྃ་ཆོས་ལྡན་གྱི་གནས་སུ་ཕེབ། རྒྱུད་ཆུང་བཞི་དང༌། ཀུན་ཏུ་དགོས་པའི་གཞུང་བདུན་སོགས་ཐུགས་ལ་མངའ། འཇམ་དབྱངས་དཀོན་མཆོག་གྲགས་པ། ངག་དབང་ཆོས་སྐྱོང་བཟང་པོ་སོགས་རིགས་བདག་ཏུ་བསྟེན་ནས། ཆོས་ཕུང་བརྒྱད་ཁྲིའི་སྙིང་པོ་སྡོམ་པ་གསུམ་དང༌། གསུང་ངག་ལམ་འབྲས། བདེ་ཀྱེ་གསང་གསུམ། དམར་ནག་འཇིགས་གསུམ། སྒྲུབ་ཐབས་རྒྱ་མཚོ་དང་བརྒྱ་རྩ་སོགས་གསན་ཅིང་ཐུགས་ཉམས་སུ་བཞེས། ཐོས་བསམ་སྒོམ་པས་རང་རྒྱུད་ཚུལ་བཞིན་སྨིན་པར་མཛད་པའི་མཐུས། མཁས་གྲུབ་སངས་རྒྱས་གྲགས་པའི་གདན་ཚབ་ཏུ་ཀུན་མཁྱེན་ཨེ་ཝྃ་པའི་ཁྲི་ལ་མངའ་གསོལ། སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་ཟབ་ཁྲིད་གསུང་ངག་རིན་པོ་ཆེས་གཙོས་དབང་ཁྲིད་ལུང་སོགས་འཆད་པས་བློ་གསལ་སློབ་བུའི་ཚོགས་མཐའ་ཡས་པ་སྨིན་པར་མཛད། མཁས་གྲུབ་ངག་དབང་དམ་ཆོས། མཁན་ཆེན་བསོད་ནམས་དཔལ་འབྱོར་སོགས་བརྒྱུད་འཛིན་གྱི་དམ་པ་མང་པོ་བསྐྱེད་པ་སོགས་བསྟན་པ་རིན་པོ་ཆེ་ལ་ཕྱག་རྗེས་རླབས་ཆེན་མཛད་པའི་དམ་པ་ཞིག་གོ།
༈ གདན་རབས་ཞེ་གཉིས་པ་མཁས་གྲུབ་ཀུན་དགའ་བསོད་ནམས་ནི། མདོ་སྨད་བྲག་མགོ་རྟ་དམར་ཞེས་པར་ཡ་རབས་དྲྭ་མའི་རིགས་སུ་སྐུ་འཁྲུངས། དལ་འབྱོར་གྱི་རྟེན་ལ་རང་གཞན་གྱི་ཕན་བདེ་རླབས་པོ་ཆེ་བསྒྲུབ་པའི་ཆེད་དུ། དཔལ་ཨེ་ཝྃ་ཆོས་ལྡན་གྱི་དགོན་པར་བྱོན། ཆོས་སྤྱོད་འདོན་ཆོག །རྒྱུད་ཆུང་བཞི། ཀུན་ཏུ་དགོས་པའི་གཞུང་བདུན་སོགས་སྦྱངས་པ་མཐར་ཕྱིན། འཇམ་དབྱངས་དཀོན་མཆོག་གྲགས་པ། ངག་དབང་ཆོས་སྐྱོང་བཟང་པོ། མཁས་གྲུབ་སངས་རྒྱས་གྲགས་པ་སོགས་ཆོས་ཀྱི་སྤྱན་ལྡན་དམ་པ་མང་པོ་སྤྱི་བོའི་ཅོད་པན་དུ་བཀོད་དེ། རབ་འབྱམས་སྡེ་སྣོད་རྒྱུད་སྡེའི་ཉིང་ཁུ་སོ་བྱང་སྔགས་གསུམ། གསུང་ངག་རིན་པོ་ཆེ་སོགས་ཟབ་ཁྲིད་དུུ་མ། དགྱེས་པ་རྡོ་རྗེ་བཀའ་བབས་བཞི་སོགས་དབང་དང་རྗེས་གནང་བྱིན་རླབས་སྐོར་དུ་མ། དམ་པ་སྔ་མའི་བཀའ་འབུམ་སོགས་ལུང་རྒྱུན་བཞུགས་རིགས་ལེགས་པར་གསན་ཏེ། སྒོམ་པས་ཉམས་མྱོང་གི་ཡོན་ཏན་གོང་འཕེལ་དུ་གྱུར། ངག་དབང་ཕུན་ཚོགས་དོན་གྲུབ་ཀྱི་གདན་ཚབ་ཏུ་འོག་མིན་ཨེ་ཝྃ་ཆོས་ལྡན་གྱི་ཆོས་ཁྲི་ལ་མངའ་གསོལ། སྡོམ་པ་གསུམ་དང༌། དགེས་པ་རྡོ་རྗེའི་ཟབ་ཁྲིད་ལམ་འབྲས་བུ་དང་བཅས་པའི་གདམས་ངག་སོགས་གང་ལ་གང་འདོད་ཀྱི་སྨིན་གྲོལ་བསམ་གྱིས་མི་ཁྱབ་པ་ཞིག་སྩལ་ནས། གདུལ་བྱ་རིགས་ཅན་སྣ་ཚོགས་སྲིད་པའི་མཚོ་ལས་བསྒྲལ་ཏེ་ཐར་པའི་གྲོང་ཁྱེར་མཆོག་ཏུ་ཕྱིན་པ་དང༌། མཁས་གྲུབ་ངག་དབང་དམ་ཆོས། མཁན་ཆེན་བསོད་ནམས་དཔལ་འབྱོར་སོགས་དགེ་བའི་བཤེས་གཉེན་མང་པོ་འཕེལ་བར་མཛད་ཅིང་བླ་མ་ལྷ་དང་བཅས་པས་རྗེས་སུ་བཟུང་བའི་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར་པ་ཞིག་གོ།
༈ གདན་རབས་ཞེ་གསུམ་པ་བྱམས་པ་ནམ་མཁའ་འཆི་མེད་ནི། སྔོན་གྱི་དུས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བླ་སྨན་མི་དགུའི་ཡ་གྱལ་བྲང་ཏི་རྒྱལ་གཉེན་མཁར་ཕུག་ནས་བཟུང་དངོས་གྲུབ་བརྙེས་པའི་དམ་པའི་སྐྱེས་བུ་བར་མ་ཆད་པར་བྱོན་པའི་རྒྱུད་དུ་སྐྱེས་ཏེ་སྔོན་གནས་རྗེས་སུ་དྲན་པ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ། ཤྲཱི་ཨེ་ཝྃ་ཐར་པ་རྩེར་ཕེབ་ནས་ཕྱི་ནང་གི་རིག་གནས་དང༌། ཀུན་ཏུ་དགོས་པའི་གཞུང་བདུན། རྒྱུད་ཆུང་བཞི་སོགས་མདོ་སྔགས་ཀྱི་གཞུང་དུ་མ་ཐུགས་ལ་བཟུང༌། ཁང་སར་མཁན་ཆེན་ངག་དབང་ཆོས་སྐྱོང་བཟང་པོ་ལས་ལམ་འབྲས་ཚོགས་བཤད་གསན། དཔལ་ལྡན་ས་སྐྱའི་མཁན་པོ་སྦྱིན་པ་བཀྲ་ཤིས་ལས་བསྙེན་རྫོགས་ཀྱི་སྡོམ་པ་ནོད། འཇམ་མགོན་ངག་དབང་ཀུན་དགའ་བློ་གྲོས་ལས་ལམ་འབྲས་ཚོགས་སློབ་གཉིས་ཀྱིས་ཐོག་དྲངས་པའི་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་གདམས་པ་མཐའ་དག་ལ་ཐོས་བསམ་སྒོམ་གསུམ་གྱིས་གཏན་ལ་ཕབ། ཕན་ཁང་སྐུ་དབོན་དང་སྐྱོ་མདའ་བླ་མ་སོགས་ཡོངས་འཛིན་དམ་པ་བཅུ་ཕྲག་ལྔ་ལས་ལྷག་པ་ལས་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུར་གསན། ཕྱག་ལེན་ཕྲ་མོ་ཙམ་ལའང་མ་འདྲེས་པར་སོ་སོའི་ལུགས་བཞིན་མཛད། རྗེ་རྡོ་རྗེ་འཆང་གི་ཁྲི་ལ་ཞབས་པད་བཀོད་དེ་ལོ་གྲངས་དུ་མའི་བར་དུ་སྣཽད་ལྡན་རྣམས་སྨིན་གྲོལ་ལ་བཀོད།