[A:༥༠༤]གྱི་ཆོས་འཕྲོ་དང༌། གཞན་ཡང་གང་ལ་གང་དགོས་པའི་དམ་པའི་ཆོས་ཀྱི་དགའ་སྟོན་དཔག་ཏུ་མེད་པ་སྩལ། བར་སྐབས་མགོན་ཁང་རྣམས་སུ་བསྟན་པ་རྒྱས་པའི་ཕྲིན་བཅོལ་ཡང་དག་པར་མཛད་དེ། ཡོས་ལོ་ཟླ་བ་དྲུག་པའི་ནང་དུ་མདོ་ཁམས་སུ་ཆིབས་སྒྱུར་གནང་ནས། ལྷ་ས་གཙོས་ལམ་བར་གྱི་གནས་ཆེན་རྣམས་སུ་གནས་གཟིགས་མཛད་ཅིང་ཕེབས། འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་རྒྱལ་དབང་མཆོད་ཡོན་ཞལ་མཇལ་བས་ཐུགས་རྗེས་རྗེས་སུ་སྐྱོང་བའི་བདག་རྐྱེན་རྒྱ་ཆེར་སྩལ། དེ་ནས་རིམ་གྱིས་བྱང་ལམ་བརྒྱུད་དེ་ཐོག་མར་རྒ་སྟོད་དུ་ཕེབས། ལམ་བར་རྣམས་སུ་ཕྲིན་ལས་རྒྱ་ཆེ་བའི་དབང་གིས་ཡུན་རིང་བས་ཕེབས་བསུ་སྔོན་རྗེས་མང་དུ་གླེབས་པར་བརྟེན། མྱུར་དུ་བྱོན་ནས་རྒྱལ་ཁབ་ཆེན་པོ་ལྷུན་གྲུབ་སྟེང་དང་ཉེ་བར་བླ་དཔོན་རྣམས་ཀྱིས་གཙོས་སེར་སྐྱ་ཀུན་གྱིས་བསུ་བ་སེར་ཕྲེང་དཔག་ཏུ་མེད་པས་སྤྱན་དྲངས་ཏེ་ཕོ་བྲང་ཆེན་པོར་ཕེབས། མཆོད་ཡོན་ཞལ་མཇལ་བས་ཐུགས་ཡིད་གཅིག་ཏུ་འདྲེས། ས་སྐྱོང་ཆེན་པོས་གཙོས་མངའ་ཞབས་ཀུན་དང༌། ཁམས་སྟོད་སྨད་ཐམས་ཅད་ནས་དད་མོས་ཀྱིས་འབུལ་ནོད་བསམ་གྱིས་མི་ཁྱབ་པ་བྱུང་བ་ཀུན་དེ་ཕྱོགས་ཀྱི་ས་དགེ་ཀར་འབྲུག་རྙིང་མ། མདོར་ན་བོན་སོགས་རིས་སུ་མ་ཆད་པའི་དགོན་སྡེ་ཐ་དག་ལ་མང་འགྱེད་སོགས་བསྙེན་བཀུར་རྒྱ་ཆེར་མཛད་ཅིང༌། ལྷག་པར་འབྲུག་ལོར་དཔལ་ལྡན་ཤེས་རབ་དང༌། ལུག་ལོར་ཤེས་རབ་ལྷུན་གྲུབ་སྟེ་ཁོང་གཉིས་འབུལ་སྐྱེལ་ལ་བཏང་ནས། ས་ངོར་རྩེ་གསུམ་སོགས་