[A:༥༠༥]གཙང་དབུས་ཀྱི་དགོན་སྡེ་ཕལ་ཆེ་བའི་བླ་སློབ་གྲ་རིགས་ཀུན་ལ་མང་ཇ་གྲྭ་འགྱེད་སོགས་དཔག་ཏུ་མེད་པ་དང༌། ས་སྐྱ་ལྷ་ཁང་དུ་གསེར་གྱི་རྒྱལ་མཚན་ཆ། ངོར་བླ་བྲང་དུ་གསེར་ཟངས་ཀྱི་རྒྱལ་མཚན་ཆ་འཛུགས་པ་སོགས་མཛད་དོ། །དེ་ཡང་འབུལ་སྐྱེལ་དང་པོའི་དུས་ཉིད་ཀྱི་ཕྱག་རྫས་གཟིམས་ཕུག་ཁང་ན་ཡོད་པ་རྣམས་བླ་བྲང་དུ་རྗེ་ཉིད་ཀྱིས་དུས་ཇའི་རྟེན་དུ་སྦྱོར་འཇགས་དང༌། རྟེན་གསུམ་རྣམས་ཞིང་ཁམས་རྒྱ་མཚོར་བཞུགས་སུ་གསོལ་ལོ། །དེ་སྐབས་སྡེ་དགེར་ས་སྐྱོང་བླ་མས་ཐུབ་བསྟན་མཁན་ཆེན་བཟང་པོ་རྒྱལ་མཚན་སྤྱན་དྲངས་ནས་རྗེ་འདི་པ་དང་ཐུགས་ཡིད་གཅིག་འདྲེས་ཀྱིས། བཀའ་ཆོས་ཕར་གསན་ཚུར་གསན་དཔག་མེད་གནང༌། དེ་ཉིད་ཞིང་དུ་ཕེབས་ནས་གདུང་མཆོད་སོགས་རྗེ་འདི་པས་མཛད། རྗེ་འདི་ཉིད་སྔོན་དུ་སྤྲེལ་ལོར་བསྙུང་གཞི་བྱུང་བ་ནས་བཟུང་སྐུ་རིམ་སྤངས་དག་སོགས་སྔ་ཕྱིར་ཕྱོགས་རིས་མེད་པའི་དགེ་འདུན་ལ་ཕུལ་བ་བློས་ཟིན་པ་ཙམ་དོན་འབྲུ་ཐོག་ཏུ་ཕབ་ནས་བསྡམས་པར། འབྲུ་ཁལ་བྱེ་བར་ལོངས་པ་བྱུང་ཞིང༌། བློས་མ་ཟིན་པ་ཡང་བསམ་ལས་འདས་སོ། །གཞན་ཡང་རྣམ་རྒྱལ་སྟོང་མཆོད་དུ་མ། ཀུན་རིག་ཁྲི་ཚར་དུ་མ། མ་ཎི་ཞལ་ནས་བགྲངས་པ་རང་དུང་གཅིག་དང༌། ཡོན་གནང་ནས་གཞན་འདྲེན་དུ་བཅུག་པ་སོགས་བསྡོམས་ན་དུང་ཕྱུར་ཉི་ཤུ་ལྷག་ཙམ་དང༌། བརྒྱད་སྟོང་པ་ཞལ་ནས་གསུངས་པ་དང་ཀློག་ཏུ་བཅུག་པ་བཅས་བརྒྱ་ཕྲག་དུ་མ་དང༌། མཚན་བརྗོད་འབུམ་ཐེར། སིདྡྷི་དུང༌། ཟབ་