[A:༥༠༣]དགོངས་ནས་གསུངས་པའི་བསྟན་བཅོས་ཀྱང་དཔག་ཏུ་མེད་ཅིང༌། སློབ་མའི་ཚོགས་རྣམས་ཀྱིས་ཕྱོགས་གཅིག་ཏུ་བསྡུས་པའང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་བཀའ་འབུམ་པུུ་སྟི་བཞི་ཙམ་བཞུགས་སོ། །དེ་ལྟར་ལུགས་གཉིས་ཀྱི་མཛད་པ་རྒྱ་ཆེན་པོས་བླ་བྲང་སྐྱོངས་ཤིང༌། སྦྲུལ་ལོར་ཤར་ཆེན་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བསྟན་འཛིན་རྒྱལ་ཚབ་ཏུ་བཀོད་ནས། རྗེ་ཉིད་ཨེ་ཝཾ་གཟིམས་ཕུག་ཁང་དུ་ཟུར་བཞུགས་གནང༌། གདན་ས་ཆེན་པོ་རྩེ་གདོང༌། དབུས་ཕྱོགས་རྣམས་སུའང་བྱོན་ཏེ་བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱ་ཆེར་མཛད་ཅིང་བཞུགས་སྐབས། སྡེ་དགེ་ས་སྐྱོང་བླ་མ་ཚེ་དབང་རྡོ་རྗེས། རྒྱལ་དབང་མཆོད་ཡོན་གྱི་བཀའ་ཤོག་དང་བཅས་ཕེབ་དགོས་པར་གསོལ་བ་བཏབ་པས། བྱོན་པར་ཡང་ཞལ་བཞེས་ཏེ། ས་སྐྱར་ཕེབས་ནས་རྒྱུ་མཚན་ཞུས་པས། བདག་ཆེན་ཀུན་དགའ་བཀྲ་ཤིས་པའི་གསུང་གིས། ས་ངོར་རྣམས་སུ་བཞུགས་ནས་བཤད་སྒྲུབ་གནང་ན་བསྟན་ཕན་ཆེ་བར་འབྱུང་གསུང་ཞིང་ཕེབས་པ་ལ་ཐུགས་དགེས་པ་མི་གནང་ཀྱང༌། སྡེ་དགེ་བླ་མས། བསྟན་པ་དཔང་དུ་བཙུགས་པའི་སྒོ་ནས་ནན་ཆེར་ཞུས་པས་ཞལ་བཞེས་གྲུབ་ཟིན་པར་བརྟེན་མཛད་ཐབས་དཀའ་རུང་རིམ་གྱིས་ཕེབས་པར་ཐག་ཆོད་དོ། །དེ་ལྟར་ཕེབས་པའི་གཏམ་དེ་ཀུན་གྱིས་ཐོས་ནས་གཙང་དབུས་ཀྱི་བླ་མ་དགེ་བའི་བཤེས་གཉེན། མི་ཆེན་སོགས་དུ་མ་ཡང་ཆོས་ཞུ་བར་ངོར་དུ་འདུས་པ་རྣམས་དང༌། ཤར་ཆེན་བློ་གྲོས་གྲགས་པ་སོགས་གཞིར་བཞུགས་རྣམས་ལ་སྔོན་