R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༠༦
[A:༥༠༦]མདོ། སྨོན་ལམ་རྣམ་ལྔ་བཅས་བྱེ་བ་ཕྱེད་གཉིས་རེ། གཞན་ཡང་མར་མེ། གསེར་ཆབ། དར་འཕན། བླ་རེ་སོགས་མཆོད་རྫས་ཕུལ་བ་བགྲང་བ་ལས་འདས་སོ། །མདོར་ན་དངོས་རྫས་དར་ཁ་གང་ལོངས་པ་ཡན་ཆད་ལའང་བདག་འཛིན་གྱི་དྲི་མ་གཏན་ནས་སྤངས་པར་བརྟེན། ཆོས་ཕྱོགས་ཁོ་ནར་གཏོང་བ་མ་གཏོགས་ཆུད་ཟོས་སུ་ཁབ་སྐུད་ཙམ་ཡང་གཏོང་བར་མ་མཛད་ཅིང༌། བླ་བྲང་འདི་ཁོ་ན་ལ་སྦྱོར་འཇགས་གནང་བའང་བརྗོད་པར་མི་ནུས་སོ། །བར་སྐབས་སུ་མདོ་ཁམས་སྟོད་སྨད་རྣམས་ཀྱི་དགོན་ཁག་ཕལ་ཆེར་ཉམས་ཆགས་ཆེ་བར་བྱུང་ཀྱང༌། རྒྱལ་སྲས་བྱང་ཆུབ་སེམས་དཔའ་འདི་ཉིད་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་བའི་བཀའ། ས་སྐྱོང་ཁུ་དབོན་གྱི་སྙན་དུ་དེངས་པ་ཙམ་གྱིས་བསྟན་པ་ཤིན་ཏུ་དར་ཤིང་རྒྱས་པའི་ལས་བསྒྲུབ་པ་དང༌། བསྟན་པའི་སྦྱིན་བདག་ཆོས་ཀྱི་རྒྱལ་པོ་ཁུ་དབོན་གྱིས་ལྷུན་གྲུབ་སྟེང་གི་གཙུག་ལག་ཁང་ཆེན་པོས་གཙོས། དགོན་སྡེ་ཆེ་ཕྲ་ཐམས་ཅད་དུ་གཙུག་ལག་ཁང་རེ་རེ་དང༌། གཞན་ཡང་ལྷ་ཁང་བརྒྱ་ཕྲག་དུ་མར་སྐུ་གསུང་ཐུགས་རྟེན་བགྲང་ལས་འདས་པ་བཞེངས་ཤིང༌། དེ་དག་གི་སྤྱན་སྔར་མཆོད་རྫས་ཚར་དུ་དངར་བ་དཔག་ཏུ་མེད་པ་དང༌། འཕགས་པ་བརྒྱད་སྟོང་པའི་གླེགས་བམ་སུམ་སྒྲིག་པར་དུ་འཁོད་པ་ལ་དཀར་ཆག་བསྔགས་བརྗོད་རྩོམ་པ་གནང་བ་དང༌། རྒྱལ་བའི་བཀའ་འགྱུར་གྱི་པར་བསྒྲུབ་དགོས་ཚུལ་ཡང་རྗེ་ཉིད་ཀྱིས་བཀའ་གནང་ཞིང༌། ཀུན་དགའ་ཆོས་འཕེལ་གྱིས་ཀྱང་བསྐུལ་