[A:༥༠༧]ནས། ས་སྐྱོང་ཆེན་པོས་མཁན་ཆེན་རྣམ་གཉིས་ཀྱི་དགོངས་བཞེད་ལྟར། ཐུགས་སུ་གཡར་དམ་གྱིས་ཕྱིས་སུ་རྒྱལ་བའི་བཀའ་འགྱུར་རོ་འཚལ་སོགས་ངོ་མཚར་བའི་པར་དུ་མ་བསྒྲུབས་པར་མཛད་དོ། །གཞན་ཡང་དགེ་འདུན་གྱི་སྡེ་སྤེལ་བ་ཡང་སྡེ་དགེའི་མངའ་ཞབས་ཀྱི་གྲུབ་མཐའ་སོ་སོའི། དགོན་སྡེ་རྣམས་སུ་སྔར་བཅུ་ཕྲག་ཁ་ཡར་ཙམ་འཚོགས་པའི་སར། དེང་སང་སྟོང་ཕྲག་དང༌། ལྔ་བརྒྱ་ཕྲག་དང༌། ཉུང་བ་རྣམས་སུའང་བརྒྱ་ཕྲག་ལྷག་ཙམ་འཚོགས་པར་འགྱུར་ཞིང༌། དེ་དག་སོ་སོར་ལ་ཆོས་གཞི་དང༌། འབུལ་བ་སོགས་རྒྱ་ཆེ་བའི་བསྙེན་བཀུར་ཞུས་ན། སྐབས་རྣམས་སུ་དབང་ལུང་ཁྲིད་གསུམ་གྱི་རིགས་རྒྱ་ཆེ་བ་སོ་སོར་འདོད་པ་ཚུལ་བཞིན་དུ་བསྐངས་པ་དང༌། རབ་ཏུ་བྱུང་བ་སྟོང་དུ་ཉེ་བར་བསྒྲུབས། རང་ལུགས་ཀྱི་དགོན་སྡེ་རྣམས་སུ། བདེ་ཀྱེ་གསང་གསུམ་སོགས་ངོར་ལུགས་དཀྱིལ་འཁོར་བདུན་དུ་གྲགས་པ་དང༌། མཁའ་འགྲོ་རྒྱ་མཚོ་གཙོས་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་སྒྲུབ་མཆོད་དུ་མ། སྤྱོད་འཇུག །འཕགས་པ་སྡུད་པ། སྡོམ་གསུམ་རབ་དབྱེ་སོགས་མདོ་རྒྱུད་མང་པོའི་ཞལ་འདོན། ནོར་བུའི་ཕྲེང་བ་ལ་སོགས་པའི་ཆོས་སྤྱོད་མང་པོ་གསར་དུ་འཛུགས་པ་དང༌། སྔར་ཡོད་སྤེལ་མར་མཛད་དོ། །གཞན་ལུགས་རྣམས་ལ་ཡང་གང་ལ་གང་འོས་ཀྱི་སྒྲུབ་མཆོད་རང་བློ་དང་འཚམས་པ་མང་དུ་བཙུགས་ནས་མི་ཉམས་པར་དར་རྒྱས་སུ་མཛད། དགེ་འདུན་དེ་དག་གི་སྒྲིག་ལམ་ལ་ཆེད་དུ་