[A:༥༠༨]དགོངས་ནས་གསུངས་པའི་བཅའ་ཡིག་ལྷག་བསམ་རབ་དཀར་གྱི་དགོངས་དོན་ལྟར། སྨིན་བྱེད་མ་ཐོབ་པར་ཆོ་ག་ལ་མི་འཇུག་པ་སོགས་ཕྱག་ལེན་རྣམ་པར་དག་པ་མཛད་དེ། ཤ་ཆང་སོགས་ལོག་འཚོའི་བསྙེན་བཀུར་གྱི་རྒྱུན་བཅད་ནས། གཙང་ཁྲིམས་ཡང་དག་པར་གནང་བ་དེང་སང་སྡེ་དགེའི་ཕྱོགས་སུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཏོ་ཞེས་ཀུན་གྱིས་བླ་ན་བསྔགས་པ་འདི། རྗེ་ཡབ་སྲས་རྣམས་ཀྱི་བཀའ་དྲིན་ལས་བྱུང་བར་ཤེས་པར་བྱའོ། །དེ་ལྟར་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གངས་ཅན་གྱི་ལྗོངས་སུ་རྒྱལ་བའི་བསྟན་པ་ཉིན་མོ་ལྟར་ཆེས་གསལ་བར་མཛད་དོ།། །།གཞན་ཡང་ཐོས་བསམ་བསྒོམ་གསུམ་གྱིས་སྒོ་ནས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དཔག་ཏུ་མེད་པ་མངའ་བའི་ཚུལ་ནི། རྒྱལ་བ་ཡིན་ཀྱང་བསྐལ་པར་བརྗོད་ཀྱང་རྫོགས་པར་མི་ནུས་ན། བདག་ཅག་གིས་ལྟ་ག་ལ་ཞིག །འོན་ཀྱང་རྒྱ་མཚོ་ལས་ནི་ཆུ་ཐིགས་ཙམ་ཞིག་གུས་པའི་སྒོ་ནས་བརྗོད་པར་བྱ་སྟེ། དམ་པ་འདི་ཉིད་ནི་གཞི་ཚུལ་ཁྲིམས་ལ་གནས་པས། རྩ་བཞི་ཤ་ཆང་སོགས་ཉེས་བཅས་ཕྲ་མོས་ཀྱང་མ་གོས་ཤིང་ཚུལ་ཁྲིམས་ཀྱི་དྲི་བསུང་མངར་པོས་རྒྱང་རིང་པོའི་བར་ཁྱབ་ཅིང༌། གྲུབ་མཐའ་རིས་མེད་ཀྱི་བླ་མ་དང༌། དགེ་བཤེས་སུ་གཏོགས་པ་ཐ་དག་ལ་མོས་གུས་དང༌། ཆོས་གསན་པ་དང་ཆོས་ཚིགས་བཞིའི་ཕྱིར་དུའང་སྐུ་སྲོག་འདོར་ནུས་པའི་བློ་སྟོབས་སོགས་རྒྱས་སྲས་ཀྱི་སྤྱོད་པ་ཁོ་ན་མངའ་ཞིང༌། གསན་པའི་གཞུང་ཐ་དག་ལ་སྒྲོ་འདོགས་མ་