R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༡༡
[A:༥༡༡]སད་པས། འཁོར་བ་ལ་ཞེན་ཆགས་དང་བྲལ་བའི་དབང་གིས། མི་འདོད་ཞེན་ཅན་དང༌། ཆོས་དང་གང་ཟག་ལ་སྐུར་པ་འདེབས་པའི་སྡིག་པ་ཅན་གཟིགས་པའམ་གསན་པ་ཙམ་གྱིས། ཕྱག་གིས་སྤྱན་དང་སྙན་བཀབ་ནས་སྤྱན་ཆབ་བསིལ་ཞིང་དེ་དག་ལ་བྱམས་སྙིང་རྗེ་དཔག་ཏུ་མེད་པ་སྐྱེས་ནས་ངན་སོང་ལས་ལྡོག་པའི་ཐབས་གཟུངས་སྔགས་ཟབ་མོ་དུ་མ་དང་མ་ཎི་སོགས་འདྲེན་པར་མཛད། ས་ཕྱོགས་གང་དུ་བླ་མ་ཚད་ལྡན་བྱོན་བཞུགས་དང༌། ཆོས་ཉན་བཤད་མཛད་པ། རྟེན་གསུམ་བཞེངས་པ། གང་ཟག་ཆོས་ལ་འདུན་པ་སོགས་རྣམ་དཀར་དགེ་བའི་ལས་གཟིགས་པའམ་གསན་པ་ཙམ་གྱིས། ཕྱག་ཐལ་མོ་སྦྱར་ནས་རང་རེའང་སྐྱེ་བ་ཀུན་ཏུ་མཛད་སྤྱོད་དེ་ལྟ་བུའི་རྗེས་སུ་སློབ་པར་ཤོག་ཅིག་གསུངས་ནས་སྨོན་ལམ་ཡང་ཡང་མཛད། ཆོས་འཆད་ཉན་སོགས་ཀྱི་དུས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་མཛད་སྤྱོད། རྗེ་བླ་མ་གོང་མའི་མཛད་བ་རྣམ་ཐར་ཁྱད་པར་ཅན་མཐོང་ངམ་ཐུགས་ལ་དྲན་པའམ། གསན་པ་ཙམ་གྱིས་དད་པའི་གདུང་ཤུགས་དྲག་པོས་ཕྱག་ཐལ་མོ་སྦྱར་ནས་སྤྱན་ཆབ་རང་དབང་མེད་པར་བསིལ། དེ་བཞིན་དུ་ཁམས་གསུམ་འཁོར་བའི་སྡུག་བསྔལ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས་ཀྱི་ཉེས་དམིགས་སོགས་གཞན་ལ་གསུངས་པའམ་དྲན་པ་ཙམ་ལའང་སྤྱན་ཆབ་འཆོར། གཞན་ཤི་བ་གསན་པའམ་ཉེ་སྐོར་དུ་ཤི་བའི་རོ་དང་རུས་པ་གོས་སོགས་གཟིགས་པ་ཙམ་གྱིས་སྤྱན་ཆབ་ཁོ་ན་མཛད།