R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༡༢
[A:༥༡༢] ཁྱད་པར་སྡིག་སྤྱོད་ཀྱི་རྒྱལ་པོ། ཤེན་པ། རྔོན་པ། ལོག་ལྟ་ཅན་དང༌། དབུལ་ཕོངས་དང༌། ནད་པ། མགོན་མེད་པའི་མི་དང་སེམས་ཅན་སྲིན་བུ་ཡན་ཆད་ལ་བྱམས་སྙིང་རྗེ་ཤིན་ཏུ་ཆེ་བ་གནང་ཞིང་དེ་དག་གི་སྡིག་པ་སྦྱོང་པའི་ཐབས་དུ་མ་དང༌། རུས་པ་མང་པོ་གཅིག་ཏུ་བསྡུས་ནས་སྦྱིན་སྲེག་དང་སཱ་ཙྪ་གདབ་པ་སོགས་གནང༌། སྟོན་དུས་འབུ་སྲིན་མང་པོ་ཤི་བ་རྣམས་ཀྱི་དོན་དུ་མི་འཁྲུགས་པའི་ཆོ་ག་མཛད། གཞན་ཡང་རི་རྒྱ། ཀླུང་རྒྱ་སོགས་གནང་སྦྱིན་དང་ཐབས་སྣ་ཚོགས་ཀྱིས་སྒོ་ནས་སྡོམ་པར་མཛད་པའི་དགེ་རྒྱུན་རྣམས་མ་ཆད་པར་ད་ལྟ་ཡང་ཁམས་ཕྱོགས་ཕལ་ཆེར་ན་སྣང་ངོ༌། །གཞན་ཡང་སྐུ་རྣམ་པར་དག་པས་སྲིན་བུ་སོགས་ཉེས་སྐྱོན་མི་མངའ་ཞིང༌། གསུང་རྣམ་པར་དག་པས་ཆོས་ཀྱི་ཚིག་དོན་ལ་འཁྲུལ་པ་མེད་པར་གདུལ་བྱ་རྣམས་ཀྱི་རྣ་བར་སྙན་ཅིང་འཇེབས་པ་ཚངས་པའི་དབྱངས་སུ་ལྷང་ལྷང་སྟོན་པ་ལས་འཆལ་པའི་དྲི་མ་མི་མངའ་ཞིང༌། ཐུགས་རྣམ་པར་དག་པས་ཇི་ལྟ་ཇི་སྙེད་མཁྱེན་ཅིང་ཡི་དམ་གྱི་ལྷ་དུ་མའི་ཞལ་གཟིགས་ལུང་བསྟན་པ་སོགས་གསང་བའི་རྣམ་པར་ལོགས་ན་བཞུགས་པར་ཤེས་ཤིང༌། ཆགས་ཐོགས་མེད་པའི་མངོན་པར་ཤེས་པ་ཡང་ཚད་མེད་པ་མངའ་སྟེ། མཁན་ཆེན་ཚུལ་ཁྲིམས་དཔལ་བཟང༌། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ། རྡོ་རྗེ་འཆང་བསོད་ནམས་དཔལ་ལྡན་རྣམས་ཨེ་ཝཾ་པའི་རྒྱལ་ཚབ་རིམ་འོང་སྔོན་ནས་ལུང་བསྟན་པ་དང༌། མཚུངས་མེད་བསྟན་འཛིན་ལྷུན་གྲུབ་ལ་ངོར་དུ་བསྟན་ཕན་འབྱུང་བ་སོགས་དང༌། གཙང་