[A:༥༢༡]བསོད་ནམས་ཆོས་འཕེལ་སོགས་ཀྱིས་ལེགས་པར་བསྒྲུབས་ཏེ། བླ་བྲང་ལམ་འབྲས་ལྷ་ཁང་དུ་ཁ་སྐོང་སྐུ་བརྙན་དང༌། དུས་ཐང་གསར་བཞེངས་དུས་མཆོད་དེང་སང་བར་དུ་བླ་བྲང་གདན་ས་རིམ་བྱོན་པ་རྣམས་དང༌། བླ་མ་དཀོན་མཆོག་རྒྱལ་མཚན་ཁུ་དབོན་གྱིས་ཁུར་བཞེས་མཛད་དོ། །ཁྲིར་བཞུགས་སྐབས་སོག་པོ་སེ་ཆེན་དང་ཆོས་སྐྱིད་སོགས་ཀྱིས་སྔབས་བསིག་གིས་ཐུགས་སུན་མང་དུ་ཞུས་པའི་ཚེ་མཛོད་ནག་མ་ནས་དངོས་རྫས་མང་དུ་སོང་འདུག་ཀྱང༌། རྗེ་ཉིད་ཀྱི་དགོངས་པ་རྫོགས་ཕྱིར། ངེད་རང་དཔལ་ལྡན་ཆོས་སྐྱོང་ནས་ཕྱག་དེབ་ཏུ་ལེགས་པར་སྦྱར། རྣམ་པར་རྒྱས་པ་འཇམ་དབྱངས་བསོད་ནམས་བཟང་པོས་མཛད་པ་བལྟ་བར་བྱའོ། །བདག་ཅག་གི་འདྲེན་པ་དམ་པ་ཁམས་གསུམ་གྱི་མགོན་པོ་མཚུངས་མེད་བསོད་ནམས་དཔལ་ལྡན་ནི། ངེས་དོན་དུ་དཔལ་དགེས་པ་རྡོ་རྗེ་དང་དབྱེར་མ་མཆིས་ཀྱང༌། ཐ་མལ་གདུལ་བྱའི་སྣང་ངོར་ཁ་བ་ཅན་གྱི་ལྗོངས་ལས་དགེ་བཅུའི་དཔལ་གྱིས་འབྱོར་པའི་གཙང་གི་ས་ཡི་ཆ་ཕྱུག་གཞུང་སྤེལ་སྐྱ་ཞེས་པར། ཡབ་དོན་ཡོད་དཔལ་ཞེས་པ་དང༌། ཡུམ་ཤེས་དཀར་ནང་པའི་རིགས་ལས་ཆད་པ་ཨ་སྒོས་ལགས་ཞེས་པ་གཉིས་ཀྱི་སྲས་སུ་བཀྲ་ཤིས་པའི་ལྟས་དུ་མ་དང་བཅས་ཏེ། ལེགས་སྦྱར་སྐད་དུ་སཽ་མྱ་སྟེ་ཞི་བ་ཞེས་པ་ས་མོ་བྱའི་ལོར་སྐུ་བལྟམས། ཡབ་ཡུམ་གྱིས་བསྐྱེད་བསྲིངས་ནས་ཆེར་ཕེབས་པ་དང་སྔོན་གོམས་ལས་བཟང་སད་པའི་མཐུས། ཆོས་ལ་ཤིན་ཏུ་དད་པས་ཨེ་ཝྃ་དུ་ཆོས་སྒོར་ཞུགས། འཇམ་མགོན་