[A:༥༢༧]ཁྲིམས་དཔལ་བཟང་གི་མཁན་པོ། །འཇམ་དབྱངས་བསོད་ནམས་དཔལ་ལྡན་ལས་ཀྱི་སློབ་དཔོན། མཚུངས་མེད་བསྟན་འཛིན་ལྷུན་གྲུབ་ཀྱིས་གསངས་སྟོན་པ་སྟེ་དགེ་འདུན་ཁ་སྐོང་དང་བཅས་པའི་དབུས་སུ་བསྙེན་པར་རྫོགས་ཤིང༌། མཁན་ཆེན་དེ་ཉིད་རང་ལ་གསུང་ངག་ལམ་འབྲས་རྡོ་རྗེ་ཕྲེང་བ་སོགས་ཟབ་ཆོས་དཔག་མེད་གསན། སླར་ཡང་འཇམ་མགོན་བསོད་ནམས་དཔལ་ལྡན་ལའང་གཙོ་བོར་ལམ་འབྲས་དང་གཞན་ཡང་ཟབ་ཆོས་མང་དུ་གསན་ཞིང༌། འཇམ་དབྱངས་འཁོན་སྟོན་ཆེན་པོ་དཔལ་ས་སྐྱ་པ་སྔགས་འཆང་ཀུན་དགའ་བཀྲ་ཤིས་ཡབ་སྲས། རྗེ་ཉིད་ཀྱི་ཁུ་བོ་སྦས་པའི་རྣལ་འབྱོར་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ། །རྡོ་རྗེ་འཛིན་པ་བསྟན་འཛིན་ལྷུན་གྲུབ་པ། རྨོར་ཆེན་ཐམས་ཅད་མཁྱེན་པ་ཀུན་དགའ་ལྷུན་གྲུབ། ཐུབ་བསྟན་མཁན་ཆེན་ངག་དབང་ཚུལ་ཁྲིམས་བཟང་པོ། །སྡོམ་བརྩོན་སངས་རྒྱས་དཔལ་བཟང་སོགས་མཁས་གྲུབ་མང་པོ་ལ་རྡོ་རྗེ་ཐེག་པའི་དབང་བསྐུར། རྗེས་གནང་མདོ་སྔགས་ཀུན་གྱི་ཁྲིད་ལུང༌། མན་ངག་སོགས་བསམ་ལས་འདས་པ་གསན་པས་མདོ་སྔགས་ཐ་དག་གི་མངའ་བདག་ལྟ་བུར་གྱུར་པའི་ཚུལ་ནི་གསན་ཡིག་ལོགས་སུ་བཞུགས་པར་ཤེས་དགོས་ཤིང༌། གསན་པའི་དམ་ཚིག་དང་སྡོམ་པ་ཡང་མིག་འབྲས་ལྟར་སྲུང་ཞིང༌། དཔལ་ཀྱཻ་རྡོ་རྗེ། རྡོ་རྗེ་རྣལ་འབྱོར་མ། མགོན་པོ་ཆེ་ཆུང༌། ཀུན་རིག །ཚེ་དཔག་མེད་སོགས་ཡི་དམ་དུ་མའི་བསྙེན་པ་སྦྱིན་སྲེག་བཅས་མཐར་ཕྱིན་པར་མཛད་ཅིང༌། རྒྱུན་དུ་ཐུགས་ཉམས་སུ་བཞེས་པའི་རིམ་པའང་ཡི་དམ་ཆོས་སྐྱོང་མང་པོའི་བསྐྱེད་