[A:༥༣༢]འབུལ་ཕྲིན་བཅོལ་སོགས་རྒྱ་ཆེར་མཛད། གདན་ས་ནས་ཀྱང་བཀའ་ཆོས་ཀྱི་འབྲེལ་པ་གཙོ་བོར་གྱུར་པའི་བཀུར་གཟོས་ལེགས་འབུལ་དཔག་མེད་དང་བཅས་ཕེབས་པའི་སྙན་པའི་གཏམ་གྱི་ཕོ་ཉ་བྱུང་འཕྲལ། ཨེ་ཝྃ་པའི་བླ་སྤྱི་ཐམས་ཅད་ཀྱི་ཆིབས་བསུས་ཏེ་ཕེབས། བླ་བྲང་གཙོ་བོར་གྱུར་པའི་ཟུར་བཞི་རྣམས་ལ་གནང་སྐྱེལ་ཟབ་པ་དང༌། དགེ་འདུན་རྣམས་ལ་གྲྭ་འགྱེད་སེར་སྐྱ་སྤྱིར་གང་འཚམས་ཀྱི་གནང་ཆ་བཀའ་དྲིན་སྐྱོང༌། དེ་འཕྲལ་ལྷ་ལྡན་དུ་ཆིབས་བསྒྱུར་ཏེ་མཆོད་ཡོན་རྣམས་ལ་མཇལ་ཕྱག་ལྷ་ལྡན་དུ་མཆོད་འབུལ། ཀློ་འཛུམ་གཉིས་ཀྱི་གནས་ཚུལ་ཞིབ་རྒྱས་དང༌། ཁ་ཆེའི་ཡུལ་གྱི་རྟ་ཏི་པི་བཅག་ངོ་མཚར་བ་སྔོན་དུ་ཕུལ་བ་བཅས། གོང་ས་ཡས་ཕྱིན་ནས་བཀུར་གཟོས་ལུགས་གཉིས་ཀྱི་བདག་རྐྱེན་ཀུན་གྱི་མགྲིན་གཅིག་ཏུ་སྒྲོགས་པ་དང༌། ལྷག་པར་ཨེ་ཝྃ་གྱི་བསྟན་སྤྱིར་ཕན་པའི་བཀའ་རྟེན་རིམ་ཅན་ལ་རྒྱབ་སྐྱོར་ཤེལ་ཐམ་བཀའ་དྲིན་ཞུ་ཕྱིས་བདག་ལས་ཐོག་དཔལ་ཆོས་ནས་ཀྱང་ཟང་ཟིང་གི་ཕྱག་རྟེན་སྤམ་མི་དམན་པ་དང་བཅས་ཞུ་སྦྱོར་མགོ་འདྲེན་ཞུས་པའང་རེ་འབྲས་སྨིན་པའི་སྐུ་དྲིན་གཞལ་དུ་མེད་པ་སོགས་ལེགས་ལམ་ཕུན་སུམ་ཚོགས་པའི་ཁར། སླར་ཡང་ཨེ་ཝྃ་ཕུན་ཚོགས་ཁང་སར་དུ་སྐུ་ཆག་ཕེབས་ཤིང༌། དེ་སྐབས་སུ་ཉིད་ཀྱི་སྐུ་དབོན་ཞབས་དྲུང་བསོད་ནམས་ལྷུན་གྲུབ་ཁམས་གླིང་དབོན་གྱི་གདན་དྲངས་པ་ནས་རྒྱལ་བའི་བཀའ་འགྱུར་རོ་ཅོག་དང༌། རྗེ་བཙུན་གོང་མ་ལྔའི་གསུང་འབུམ་ངོ་མཚར་ཅན་ཕེབས་པ་སོགས་རྟེན་འབྲེལ་ཤིན་ཏུ་ལེགས་ཆ་ཆེ་བ་དང་བཤད་སྒྲུབ་ཀྱིས་དུས་འདའ་བའི་སྐབས་དེར།