[A:༥༤༠]མགོ་འདྲེན་མཛད། ལྡན་མ་དགེ་རྒན་ཀུན་དགའ་བསྟན་འཛིན་པས་ཆོས་སྤྱོད་ཆོ་ག་སོགས་ཚོགས་འདོན་ཕལ་ཆེར་བསླབས། དགུང་ལོ་ཉེར་གསུམ་པ་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་དུ་བྷ་བ་སྟེ་དངོས་པོ་ཞེས་པ་ཤིང་མོ་བྱ་ལོའི་ནག་པ་ཟླ་བའི་ཚེས་བཅོ་ལྔའི་ཉིན། ཤར་ཆེན་ཆོས་ཀྱི་རྒྱལ་པོ་ཡེ་ཤེས་བཟང་པོས་མཁན་པོ། །མཁས་གྲུབ་སངས་རྒྱས་ཕུན་ཚོགས་ལས་སློབ་དཔོན། གར་དབང་བསོད་ནམས་ལྷུན་གྲུབ་གསང་
སྟེ
་སྟོན་པ། མུས་ཆེན་ཆོས་རྗེ་ཀུན་དགའ་རྒྱ་མཚོ་གྲིབ་ཚོད་པ་སྟེ། དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་ནས། ཐུགས་ཞི་བ་དང༌། དུལ་བ་དང༌། ཉེ་བར་ཞི་བ་ལོ་བརྒྱ་ལོན་པའི་དགེ་སློང་དགྲ་བཅོམ་པའི་སྤྱོད་ལམ་ལྟར་གྱུར་ཅིང༌། རྩ་བ་བཞི་ཆང་སོགས་ཉེས་ལྟུང་གི་དྲི་མ་ཕྲ་མོས་ཀྱང་མ་གོས་པར་མཛད་པས། ཚུལ་ཁྲིམས་ཀྱི་དྲི་བསུང་བཟང་པོས་ཁོ་ར་ཁོར་ཡུག་ཁྱབ་པ་ཉིད་དོ། །འཇམ་མགོན་སངས་རྒྱས་ཕུན་ཚོགས་ལ་ཐོག་མར་བདེ་མཆོག་ལོ་ཧི་པའི་དབང་བསྐུར་ཞུ་བའི་དབང་གྲལ་དུ་རྗེ་འདི་ཞལ་སྐྱུགས་ཤོར་བས། རྗེ་བླ་མའི་ཞལ་ནས་གྲུབ་ཆེན་བུདྡྷ་ཤྲཱིས་རྣམ་ཐར་གྱི་དཔེ་འདྲེན་དང༌། དམན་པར་ཆེན་པོ་རེ་བ་བཙུན་པ་ཡིན། ད་རེས་རྟེན་འབྲེལ་ཤིན་ཏུ་ལེགས། མ་འོངས་པ་ན་ཨེ་ཝྃ་པའི་བསྟན་འཛིན་ཞིག་ཡོང་སྲིད་གསུངས་ནས་ལུང་བསྟན་མཛད། གཞན་ཡང་རྗེ་བླ་མ་དེ་ཉིད་ལ་གསུང་ངག་ལམ་འབྲས་སོགས་དབང༌། ཁྲིད། ལུང༌། མན་ངག་བཅས་མང་དུ་གསན་ནས་བསྙེན་སྒྲུབ་རྡོ་རྗེ་སློབ་དཔོན་གྱི་ལས་རུང་ཙམ་གྲུབ་འཕྲལ། ཀླུ་སྡིངས་ཀྱི་བཀའ་དང་ལེན་གྱིས་རྣམ་ལུང་སྒར་དུ་ཕེབས་