[A:༥༤༡]ཏེ། རྗེ་འདི་ཐུགས་རུས་ཤིན་ཏུ་ཆེ་བས་དེ་ཉིད་དུ་རྒྱུད་ཆུང་བཞི། སྣང་རྒྱུད། དགོངས་རྒྱན། དགོངས་གསལ་བཅས་ཐུགས་འཛིན་དང༌། གཞུང་བདུན་སོགས་བཀའ་དང་བསྟན་བཅོས་རྣམ་ཐར་བཀའ་འབུམ་དཔག་ཏུ་མེད་པ་ཞིབ་གཟིགས་མཛད། མི་ཉག་དགེ་རྒན་རིག་འཛིན་དང༌། མཁས་གྲུབ་བསྟན་འཛིན་ལྷུན་གྲུབ་སོགས་ལ་གཏུགས་ཏེ། གཞུང་ལུགས་མང་པོ་ལ་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད། དེ་གར་ལོ་བཞིར་དགེས་པ་རྡོ་རྗེ་ལ་སོགས་པའི་ཡི་དམ་ཆོས་སྐྱོང་དུ་མའི་བསྙེན་སྒྲུབ་ལས་གསུམ་ལ་ཆིག་སྒྲིལ་ཁོ་ན་མཛད་དོ། །དེའི་ཚེ་སྦྱིན་བདག་རྣམས་ཀྱང་ཤིན་ཏུ་དད། བསྙེན་བཀུར་རྒྱ་ཆེན་པོ་ཞུས། ཀླུ་སྡིངས་སུ་འབུལ་སྐྱེལ་སྔ་ཕྱིར་ཅི་རིགས་པ་ཕུལ། སླར་ཡང་ཤར་ཆེན་ནས་ཐར་ལམ་སྒར་དུ་ཁྱབ་བདག་བསྟན་འཛིན་ལྷུན་གྲུབ་ཀྱི་གདན་ཚབ་དགོས་ཚུལ་ཕེབས་པ་བཞིན། དེར་བྱོན་པས་དཔོན་སློབ་ཐུགས་ཡིད་གཅིག་ཏུ་འདྲེས་ཏེ། དམ་པ་དེ་ཉིད་ལ་མངའ་བའི་ཟབ་ཆོས་རྣམས་སྔ་ཕྱིར་བུམ་པ་གང་བྱོའི་ཚུལ་གསན། གཞན་ཡང་མཁན་ཆེན་སངས་རྒྱས་ཕུན་ཚོགས། ཤར་ཆེན་སངས་རྒྱས་བསྟན་འཛིན། ཁྱབ་བདག་བསོད་ནམས་དཔལ་ལྡན། བྱམས་པ་བསོད་ནམས་བཟང་པོ། །ཤར་ཆེན་བློ་གྲོས་གྲགས་པ་སོགས་ཡོངས་འཛིན་དུ་མ་ལ། ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་མང་དུ་གསན་པའི་ཚུལ་ནི་གསན་ཡིག་ལོགས་སུ་ཤེས་པར་བྱའོ། །གསན་པའི་དམ་ཚིག་དང་སྡོམ་པ་ཐ་དག་ལ་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པར་སྲུངས་ཤིང༌། བསྒོམ་