R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༤༢
[A:༥༤༢]པས་ཉམས་སུ་མྱོང་བའི་ཚུལ་ནི། ཉིན་ཞག་རེར་ཡང་རྒྱུན་ཆད་མེད་པར། དཔལ་དགེས་པ་རྡོ་རྗེ། རྡོ་རྗེ་རྣལ་འབྱོར་མ། སྒྲོལ་དཀར། མགོན་དཀར། རྡོ་རྗེ་འཇིགས་བྱེད། བིར་སྲུང་ཕྱི་ནང༌། ཞལ་གྱི་ཚེ་སྒྲུབ། མགོན་པོ་ཆེ་ཆུང་སོགས་བསྐྱེད་རྫོགས་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱིས་དུས་འདའ་བར་མཛད་དོ། །སྔ་ཕྱིར་དགེས་རྡོར་གཞི་བསྙེན་སྦྱིན་སྲེག་བཅས་དང༌། ཀུན་རིག །མི་འཁྲུགས་པ། ཚེ་དཔག་མེད། སྒྲོལ་དཀར། མགོན་དཀར། འཇམ་དབྱངས་དམར་སེར། འཇམ་དཔལ་དཀར་པོ། སྨྲ་སེང༌། སྤྱན་རས་གཟིགས། འཇིགས་བྱེད་ལས་གཤིན། མགོན་པོ་བྲག་རྫོང་སོགས་ཡི་དམ་མང་པོའི་བསྙེན་སྒྲུབ་མཐར་ཕྱིན་པར་མཛད་པས། དངོས་ཉམས་མཚན་ལམ་བཅས་སུ་ཞལ་གཟིགས་ཤིང་ལུང་བསྟན་པས་རྟགས་དང་རྟེན་འབྲེལ་ཁྱད་པར་དུ་འཕགས་པ་བྱུང་བ་སོགས་ངོ་མཚར་རྣམ་ཐར་མང་དུ་སྣང་བ་རྣམས་ནི་ལོགས་སུ་ཤེས་པར་བྱའོ། །གཞན་ཡང་དོན་གྲུབ་གླིང་དུ་གཙུག་ལག་ཁང་དང༌། མགོན་ཁང་གསར་བཞེངས་གནང༌། ཐར་ལམ་དུ་མགོན་པོ་དཀར་ནག་གི་སྐུ་བརྙན་ཁྱད་པར་དུ་འཕགས་པ་བཞེངས་པ་དང༌། རྒ་དང་ལྡན། འདམ་ཐོག་ཡན་གྱི་དགོན་གནས་རྣམས་སུ་ཟབ་རྒྱས་ཆོས་འཁོར་བསྐོར་བས་སྐལ་ལྡན་གྱི་སློབ་མ་རྣམས་ཚིམ་པར་མཛད་པས་རྒྱལ་བསྟན་ཡར་ངོའི་ཟླ་བ་ལྟར་རྒྱས་བར་གྱུར་ཏོ། །ཀླུ་ལྡིངས་སུའང་འབུལ་སྐྱེལ་སྔ་ཕྱིར་མང་དུ་རྒྱ་ཆེ་བ་ཕུལ་ནས། དགོངས་པ་ཞུས་ཏེ་ཨེ་ཝཾ་གཟིམས་ཕུག་ཁང་དུ་བཤད་སྒྲུབ་ཁོ་ན་མཛད་ཀྱིན་བཞུགས་པའི་ཚེ། གཞུང་ས། གདན་སའི་བཀའ་ཤོག་བཅས། ངོར་