R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༤༣
[A:༥༤༣]བླ་བྲང་ཁག་གྲྭ་ཚང་ཀུན་གྱིས་གསོལ་བ་བཏབ་སྟེ། བྱམས་པ་བསོད་ནམས་བཟང་པོའི་རྒྱལ་ཚབ་ཏུ། དགུང་ལོ་ང་གཅིག་པ་ཆུ་སྟག་ལོར་ཆོས་ཀྱི་ཁྲི་ཆེན་པོར་བྱོན་ནས། གསུང་ངག་ལམ་འབྲས་གཙོས་རྒྱུད་སྡེ་དུ་མའི་དབང༌། ཁྲིད་ལུང་མན་ངག་སོགས་དང༌། སོ་སོར་ཐར་པའི་སྡོམ་པ་སྩལ་བ་བགྲང་ལས་འདས་པ། དགོན་སྡེ་འདིས་གཙོས་དབུས་གཙང་ཁམས་གསུམ་དུ་སྔ་ཕྱིར་ཟབ་རྒྱས་ཆོས་ཀྱི་དགའ་སྟོན་དཔག་ཏུ་མེད་པ་སྩལ་བས་གདུལ་བྱ་རྣམས་སྐལ་བ་བཟང་པོར་མཛད་ཅིང༌། བསྟན་འཛིན་གྱི་བུ་སློབ་ནི་གཙོ་ཆེར་ཤར་པ་བདག་ཆེན་ཞབས་དྲུང་རིན་ཆེན་མི་འགྱུར་རྒྱལ་མཚན། གླིང་ཁ་བདེ་བ་ཅན་གྱི་མཁན་པོ། ཡར་ལུང་བཀྲ་ཤིས་ཆོས་སྡིངས་ལྷ་རིགས་གནས་སར་དབོན་རིན་ཆེན། དགེ་སློང་སངས་རྒྱས་དཔལ་བཟང༌། རྗེ་རང་གི་སྐུ་དབོན། ཁང་གསར་དབོན་པོ་སོགས་སྐྱེས་ཆེན་དུ་མ། ས་སྐྱོང་བསྟན་པ་ཚེ་རིང་ཡབ་སྲས་སོགས་བདག་ཅག་སྐལ་ལྡན་གྱི་སློབ་མ་གྲངས་མེད་པ་ཞིག་བསྐྲུན་པ་མཛད་དོ། །བླ་བྲང་དུའང་རྡོ་གཅལ་ལྷ་ཁང་དུ་ལྡེབ་རིས་སུ་མདོ་སྡེ་གསེར་འོད་ནས་གསུངས་པའི་ཕྱོགས་བཅུའི་སངས་རྒྱས། བདེ་གཤེགས་མཆེད་བརྒྱད། བྱང་སེམས་ཉེ་བའི་སྲས་བརྒྱད་སོགས་སེམས་དཔའ་དང་སེམས་མའི་ཚོགས། འཕགས་པ་གནས་བརྟན་བཅུ་དྲུག །ཆོས་སྲུང་རྒྱལ་ཆེན་བཞི་སོགས་ངོ་མཚར་བའི་བཀོད་པ་དང་བཅས་བཞེངས་ཏེ། རབ་གནས་བཀྲ་ཤིས་མངའ་གསོལ་རྣམ་པར་དག་པ་སྒྲུབ་པར་མཛད་ཅིང༌། མདོར་ན་སྦྱིན་བདག་དང་ཕྲིན་ལས་རྒྱ་ཆེ་བས་དཔལ་འབྱོར་རྣམ་ཐོས་ཀྱི་བུ་ལ་འགྲན་པ་མངའ་ཡང༌། བླ་བྲང་རྩིས་སྤྲོད་དུས་མི་འབྲལ་