R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༤༩༨
[A:༤༩༨] བླ་མ་མཆོད་པ་ཡང་དག་བརྩམས། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །གོ་འཕང་མཆོག་ཉིད་ཐོབ་པར་འགྱུར། །ཞེས་དང༌། ཧེ་བཛྲ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང༌། གང་གི་
རྣལ་འབྱོར་མ་ཀུན་སྤྱོད་སོགས་རྒྱུད་འགའ་ཞིག་ལ་སྣང༌། དྷ་རི་ཀ་པས་མཛད།
དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་དང༌། བ་ཚ་ཆུ་ཀླུང་གི་མདོ་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་ཀྱི་ནི། །ཞེས་སོགས་དཔག་ཏུ་མེད་པར་གསུངས་པའི་ལུང་ལ་བརྟེན་ནས། །བདག་ཅག་ལ་ཟབ་ཆོས་སྟོན་པའི་རྩ་བརྒྱུད་ཀྱི་བླ་མ་རྣམས། །རྡོ་རྗེ་འཆང་དང་དབྱེར་མེད་པའི་དད་པ་དང་མོས་གུས་སྐྱེས་ཤིང༌། །ལྷག་པར་རང་ལ་བཀའ་དྲིན་དཔག་ཏུ་མེད་པར་ཆེ་བའི་ཡོན་ཏན་སྙིང་ནས་དྲན་པའི་དབང་གིས་གདན་རབས་ཕྱི་མ་རྣམས་ཀྱིས་རྣམ་ཐར་ཁ་སྐོང་མདོར་བསྡུས་པའི་ཚུལ་གྱིས་ཅི་རིགས་པར་འདྲི་བར་བྱའོ། །དེ་ལ་ཐོག་མར་མཁན་ཆེན་འཇམ་པའི་དབྱངས་སངས་རྒྱས་ཕུན་ཚོགས་ཞེས་མཚན་བརྗོད་པར་དཀའ་བའི་བླ་མ་དམ་པ་དེ་ཉིད་འཁྲུངས་ཡུལ་ནི། སྟོད་ཕྱོགས་མངའ་རིས་ཀྲེའི་འབྲོག་གསེབ་ཏུ་ཡབ་གནམ་རུ་གཡུང་དྲུང་སྐྱབས་དང༌། ཡུམ་འ་ཕ་མོ་བུ་འདྲེན་ཞེས་པ་གཉིས་ཀྱི་སྲས་སུ་ས་མོ་གླང་གི་ལོར་སྐུ་བལྟམས། དེ་འཕྲལ་རང་ཉིད་ཀྱི་ཞང་པོས། རྫོང་