[A:༥༤༥]ནས་ཀྱང་བཀའ་བཞིན་སྒྲུབ་པར་ཞལ་གྱིས་བཞེས་ཏེ། གཙུག་ལག་ཁང་གསར་བཞེངས། དགེ་འདུན་གྱི་སྡེ་སྤེལ་བ། རྒྱལ་བའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་ཁྱད་དུ་མཚར་བ། གསེར་དངུལ་གྱིས་བྲིས་པའི་བཀའ་འགྱུར། བསྟན་འགྱུར་ཡོངས་རྫོགས་ཀྱི་གླེགས་བམ། གསེར་དངུལ་དང་ཙནྡན་སོགས་ལ་མཆོད་རྟེན་མང་པོ། ལྷག་པར་ས་སྐྱ་བཀའ་འབུམ་པུ་སྟི་བཅོ་ལྔའི་པར་གསར་བསྒྲུབ་སོགས་སྐུ་གསུང་ཐུགས་རྟེན་དཔག་ཏུ་མེད་པ་བཞེངས་ཤིང༌། གཙང་དབུས་ཁམས་གསུམ་གྱི་གྲུབ་མཐའ་རིས་མེད་པ་ལ་མང་འགྱེད་བསྙེན་བཀུར་ཞུ་བ་དང༌། བཀའ་གང་ཁྱབ་ཀྱི་ཁམས་ཕྱོགས་ཐམས་ཅད་དུ། ཟང་ཟིང་གི་གནང་སྦྱིན་བཅས་མཆོད་ཡོན་གཉིས་ཀའི་བཀའ་ཆེ་བཙན་ཀུན་ལ་གནང་སྟེ། དགོན་གནས་ཉམས་དམའ་བ་རྣམས་སྐྱོང་ཞིང་སྤེལ་བ་སོགས། བསྟན་པ་དར་རྒྱས་སུ་མཛད་ཅིང༌། སྐབས་འགར་ཆོས་སྡེ་རྫོང་འགོ་སོ་སོ་ནས་སྤྱན་དྲངས་ཏེ། ཡུལ་དགོན་ཕལ་ཆེར་ཞབས་ཀྱིས་བཅགས་ཤིང་སེར་སྐྱ་རྣམས་ཆོས་ཀྱིས་ཚིམ་པར་མཛད། ཕྱག་ཏུ་ཕོགས་པའི་དངོས་རྫས་རྣམས་ཕལ་ཆེར་ཁམས་ཕྱོགས་ཀྱི་དགོན་སྡེ་རིས་མེད་ལ་བསྙེན་བཀུར་མཛད་ཅིང༌། གཙོ་ཆེར་ས་ངོར་རྩེ་གསུམ་སོགས་གཙང་དབུས་ཀྱི་དགོན་སྡེ་ཆེ་གྲྭས་ཀུན་ལ་འབུལ་བ་མང་འགྱེད་སྔ་ཕྱི་གཉིས་ཀྱི་ཕྱི་མར། གཉེར་པ་དམ་ཆོས་བཏང་བ་གནང་ནས། གསེར་ཞོ་སྟོང་ཕྲག་གཅིག་དང་ཉག་མ་སུམ་ཅུ་སོ་གསུམ། དངུལ་སྲང་བརྒྱ་ཕྲག་ཕྱེད་གཉིས། ཇ་འཁོར་དྲུག་ལྔ་བརྒྱ་ལྷག །གོས་བཟང་སྣ་ཚོགས་བསྒྲིགས་པའི་ཕྱེ་ཕུར་ཆེ་བ་ཆ་