[A:༥༤༧]རྫས་ཀྱི་རིགས་དང༌། ཟླ་བ་བྱུང་ངོ་ཅོག་ཏུ་གཙུག་ལག་ཁང་ལ་དགྲམ་རྒྱུའི་དུས་ཐང་ཐོག་ཚད་མ། དུས་ཇ་གཏན་འཛུགས་སོགས་རྣམ་དཀར་དགེ་རྒྱུན་དཔག་ཏུ་མེད་པ་སྒྲུབ་པར་མཛད། དམ་པ་འདི་ཉིད་སྔ་ཕྱིས་བསྟན་པ་ལ་སྐུ་དྲིན་ཆེ་ངེས་པར་གྱུར། གཞན་ཡང་བསྟན་པའི་འཛིན་སྐྱོང༌། འགྲོ་དོན་ཕྲིན་ལས་སྤེལ་བ། ཞབས་བརྟན་སྐུ་རིམ་སྒྲུབ་པ། མྱ་ངན་ལས་འདས་ནས་སྐུ་གདུང་གི་བྱ་བའི་སྐབས་སུ་ངོ་མཚར་བའི་རྟགས་སོགས་བསམ་གྱིས་མི་ཁྱབ་པ་བྱུང་ཚུལ་རྣམས་རྗེ་ཉིད་ཀྱི་རྣམ་ཐར་དཔག་བསམ་ལྗོན་པ་ལས་རྟོགས་པས་གཟིགས་འཚལ།། །།འཇམ་མགོན་ཚུལ་ཁྲིམས་ལྷུན་གྲུབ་ནི། རྒྱ་བོད་ཀྱི་སྐྱེ་བོ་དུ་མ་འདུ་བའི་ཡུལ་དར་རྩེ་མདོ་ཞེས་པ། ཡབ་ཡུམ་ལས་འཕྲོ་དང་ལྡན་པ་གཉིས་ཀྱི་སྲས་སུ་དགེ་མཚན་དུ་མ་དང་བཅས་ཏེ། ཨ་ན་ལ་ཞེས་པ་མེ་འབྲུག་ལོར་སྐུ་འཁྲུངས། མཚན་ལྕགས་ཐར་ཞེས་གསོལ་ནས་ཡབ་ཡུམ་གཉིས་ཀྱིས་བསྐྱེད་བསྲིང་ནས་ཆ་ཆེར་ཕེབས་པ་དང༌། རྡོ་གྲགས་སྒར་དུ་ཕེབས་ནས་དེ་གའི་བླ་མའི་དྲུང་དུ་ཡིག་ཀློག་རྣམས་བསླབས་པས་དཀའ་ཚེགས་མེད་པར་མཁྱེན། དགུང་ལོ་བཅོ་བརྒྱད་པ་ཆུ་མོ་བྱ་ལ་ཨེ་ཝྃ་དུ་ཕེབས་ཏེ་མཁན་ཆེན་ལྷུན་གྲུབ་དཔལ་ལྡན་གྱིས་མཚན་ཚུལ་ཁྲིམས་ལྷུན་གྲུབ་ཏུ་གསོལ། མུས་པ་ཆོས་རྗེ་ཀུན་དགའ་རྒྱ་མཚོ་སོགས་མཁས་བཙུན་གྱི་སློབ་དཔོན་མང་དུ་བསྟེན་ཏེ་མདོ་སྔགས་ཀྱི་གཞུང་ཆེ་ཆུང་དུ་མའི་སྒྲོ་འདོགས་བཅད། ཐོས་སྦྱོང་གི་སྐབས་སུ་ཉིན་རེར་ཡང་དཔེ་ཤོག་རིང་གྲྭས་ལྔ་དྲུག་རེ་འཛིན་པའི་ཐུགས་ཤེར་