R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༤༨
[A:༥༤༨]འགྲན་ཟླ་བྲལ་བ་ཞིག་ཡིན་པར་གྲགས་ཤིང༌། བར་སྐབས་སུ་ལྷ་ས་ཇོ་བོ་སོགས་དབུས་ཕྱོགས་ཀྱི་གནས་ཆེན་དུ་མ་ལ་ཞབས་བསྐོར་དང༌། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་མཇལ་ཁ་དང༌། རྟེན་གསུམ་རྣམས་ལ་མཆོད་འབུལ་བསྟན་འགྲོའི་དོན་དུ་སྨོན་ལམ་རྒྱ་ཆེར་སོགས་མཛད་ནས་ཕེབས། བཅུ་དགུ་པ་ཤིང་ཕོ་ཁྱི་ལོར་འཇམ་མགོན་སངས་རྒྱས་ཕུན་ཚོགས་ཀྱིས་མཁན་པོ། ལས་ཀྱི་སློབ་དཔོན་དབུ་མཛད་ཕྲིན་ལས་རྒྱ་མཚོ། གསང་ཏེ་སྟོན་པ་གར་དབང་བསོད་ནམས་ལྷུན་གྲུབ་སྟེ་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་ཤིང༌། མཁན་ཆེན་དེ་ཉིད་ལས་བྱང་ཆུབ་སེམས་དཔའི་སེམས་བསྐྱེད། གསུང་ངག་ལམ་འབྲས་ཀྱི་གཙོས་དབང་ཁྲིད་ལུང་མན་ངག །ཐེག་པ་ཆེ་ཆུང་གི་གདམས་པ་ཟབ་མོ་མང་དུ་གསན་ཞིང༌། གཞན་ཡང་ཤར་པ་ཡེ་ཤེས་བཟང་པོ། བདག་ཆེན་ཀུན་དགའ་བཀྲ་ཤིས། མཁན་ཆེན་བྱམས་པ་ཚུལ་ཁྲིམས་དཔལ་བཟང་པོ། མཚུངས་མེད་བསོད་ནམས་དཔལ་ལྡན་སོགས་དམ་པ་དུ་མའི་ཞབས་པད་བསྟེན་ཏེ་ཟབ་ཅིང་རྒྱ་ཆེ་བའི་དམ་པའི་ཆོས་མང་དུ་གསན་ཞིང་དམ་ཚིག་དང་སྡོམ་པ་རྣམས་གཅེས་པར་སྐྱོང་བའི་སྒོ་ནས། དགེས་པ་རྡོ་རྗེ་སོགས་ཡི་དམ་གྱི་ལྷ་མང་པོའི་བསྙེན་སྒྲུབ་བཅས་མཐར་ཕྱིན་པར་མཛད། དུས་རྒྱུན་དུའང་དགེས་རྡོར། རྣལ་འབྱོར་མ། སྒྲོལ་དཀར་སོགས་ཡི་དམ་གྱི་ལྷ་དུ་མའི་རིམ་གཉིས་ཀྱི་རྣལ་འབྱོར་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་སོགས་ཆོས་སྤྱོད་གཏོར་མའི་རིམ་པ་ཁོ་ནས་དུས་འདའ་