R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༤༩
[A:༥༤༩]བར་མཛད་དོ། །སོ་དྲུག་པ་ལྕགས་ཡོས་ལོར་འཇམ་མགོན་བསོད་ནམས་དཔལ་ལྡན་གྱིས་བཀའ་སྩལ་དང་ལེན་གྱི་སྒོ་ནས། སྟོད་མངའ་རིས་རབ་རྒྱས་གླིང་ཞེས་ཆོས་དཔལ་བཟང་པོས་བཏབ་པ། མཁས་གྲུབ་དུ་མའི་གདན་ས་དེར་ཕེབས་ཏེ་རྟེན་གསུམ་གསར་བཞེངས། ཉམས་གསོས། དགེ་འདུན་གྱི་སྡེ་སྤེལ་བ། འཆད་རྩོད་སོགས་ལུགས་གཉིས་ཀྱི་སྒོ་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ཅིང་ཡུན་རིང་དུ་བཞུགས། གདན་ས་འདི་ཉིད་གཙོས་གྲགས་ཆེའི་དགོན་སྡེ་རྣམས་ལ་འབུལ་སྐྱེལ་གྲྭལ་འགྱེད་སོགས་ལན་གྲངས་མང་དུ་མཛད། ཞེ་དགུ་པ་ཤིང་འབྲུག་ལོར་ཁྲི་ཐོག་པ་བྱམས་པ་བཀྲ་ཤིས་ལྷུན་གྲུབ་ཀྱིས། གཞུང་ས་མཆོད་ཡོན། གདན་ས་གོང་བཅས་ལ་བཀའ་ཤོག་ཞུས་ནས་སྤྱན་འདྲེན་པའི་ཕོ་ཉ་བ་བཏང་སྟེ། སཾ་སྐྲྀ་ཏར་བི་ཤྭ་བནྡྷུ་སྟེ་སྣ་ཚོགས་དབྱིག་ཅེས་པ་ཤིང་མོ་སྦྲུལ་ལོར། ཤྲཱི་ཨེ་ཝྃ་ཆོས་ལྡན་གྱི་དགོན་གནས་འདི་ཉིད་དུ་ཕེབས་ནས་འབུལ་བ་གྲྭ་འགྱེད་སོགས་རྒྱ་ཆེན་པོར་མཛད། ལོ་དེའི་དབྱུག་པ་ཉའི་ཡར་ཚེས་བརྒྱད་ལ་རྒྱལ་ཚབ་ཏུ་མངའ་གསོལ་ཏེ། གདན་ས་ལོ་ལྔ་གནང་ལམ་འབྲས་ཚར་ལྔ་སོགས་བཤད་སྒྲུབ་ཀྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད། བསྟན་འཛིན་གྱི་སློབ་མ་ཡང་ཞབས་དྲུང་ནམ་མཁའ་བསམ་འགྲུབ། ཤར་པ་བདག་ཆེན་རིན་ཆེན་མི་འགྱུར་བསྟན་པའི་རྒྱལ་མཚན། ཁང་གསར་དབོན་པོ་བསོད་ནམས་ལྷུན་གྲུབ་སོགས་ཡོངས་སུ་གྲགས་པ་དང་མ་གྲགས་པའི་སྐྱེས་ཆེན་བགྲང་ལས་འདས་པ་བསྐྲུན་པར་མཛད་དོ། །