R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༥༠
[A:༥༥༠]གཞན་ཡང་ལུགས་གཉིས་ཀྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཁྱད་པར་དུ་འཕགས་པ་མཛད་ཅིང༌། བླ་བྲང་དུའང་གཡབ་ཆེན་དུ་སྟོན་པའི་སྐུ་བརྙན་ཟངས་གསེར་ལས་གྲུབ་པ། སྟེང་དུ་གསེར་ཟངས་ལས་གྲུབ་པའི་རྒྱལ་མཚན་ཆ་གཅིག་དང༌། ལམ་འབྲས་ལྷ་ཁང་གི་སྟེང་དུ་རྒྱལ་མཚན་ཆེ་ལེགས་ཆ་གཅིག །གཉྫིར་གཅིག་དང༌། མདུན་གྱི་པད་རྒྱའི་ངོས་སུ་མཎྜལ་ཨེ་ཝྃ་མ་ཆ་གཅིག །དབང་ཁང་དུ་རྔ་ཆེན་གསེར་རིས་མ་སྤུས་ལེགས་བཅུ་གཅིག །བཀའ་འགྱུར་ལྷ་ཁང་དུ་ཙནྡན་གྱི་སྐུ་སྒྲོས་གཙང་དུ་མ་བཞུགས་ཁྲི་བཅས་དང༌། མཛོད་ནག་དུ་སྤྱན་གཟིགས་སོགས་སྔ་ཕྱིར་རྗེ་ཉིད་ཀྱི་ཕྱག་ཏུ་བྱུང་བའི་དངོས་རྫས་རྣམས་ཕལ་ཆེར་བླ་བྲང་དུ་སྦྱོར་བ་གནང་བ་སོགས་བཀའ་དྲིན་ཁྱད་པར་དུ་འཕགས་པ་ཉིད་དོ། །དགུང་ལོ་ང་ལྔ་པ་ལྕགས་ཕོ་ཁྱི་ལོའི་ཧོར་ཟླ་གཉིས་པའི་ཚེས་བཅུ་བཞི་ལ་ཞི་བར་གཤེགས་ནས། བྱམས་པ་བསོད་ནམས་བཟང་པོས་སློབ་མ་རྣམས་ལ་ཆོས་འཕྲོ་སྐྱོང་བ་དང༌། སྐུ་གདུང་ཞུགས་འབུལ་སོགས་ཀྱང་རྗེ་དེ་ཉིད་དང་ཐར་རྩེ་ནམ་མཁའ་བསམ་འགྲུབ་སྟེ་མཁན་ཆེན་རྣམ་གཉིས་གཙོར་སྨོས་ཀྱིས་མཛད། དགོངས་རྫོགས་ཀྱི་ལག་ལེན་དོ་དམ་པ་ཞིང་གཤེགས་རང་གི་ཕྱག་མཛོད་དབོན་པོ་བསྟན་འཛིན་ལྷུན་གྲུབ་རང་ནས་ཐུགས་ཁུར་བཞེས་ཏེ་གདན་ས་ཆེན་པོས་གཙོས་འདི་ཁའི་མཁན་སློབ་དགེ་འདུན་བཅས་ལ་མང་འགྱེད་སོགས་འབུལ་བ་བསྙེན་བཀུར་རྒྱ་ཆེ་བ་དང༌། གཞན་ཡང་ལམ་འབྲས་ལྷ་ཁང་དུ་བླ་མ་བརྒྱུད་པའི་ཁ་སྐོང་དུ་རྗེ་ཉིད་ཀྱི་སྐུ་བརྙན་དང༌། མཆོད་རྫས་ཁྱད་པར་དུ་འཕགས་པ་དུ་