R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༦༧
[A:༥༦༧] གཙང་དབུས་ཐ་དག་གི་རིས་བྲལ་དགོན་སྡེ་རྣམས་སུ་མང་ཇ་གྲལ་འགྱེད། ལྷ་ས་བསམ་ཡས་ཀྱིས་མཚོན་གནས་ཆེན་གཙུག་ལག་ཁང་བཅས་ཀྱི་ལུས་མེད་ཐུལ་གྱི་རྟེན་གསུམ་ལ་མཆོད་འབུལ། མཆོད་རྫས་ཀྱི་བྱེ་བྲག །སྙན་དར། གསེར་ཆབ་སོགས་དང༌། གཞན་ཡང་དབུལ་པོར་སྦྱིན་བཏང་བཅས་ཚང་མར་དངུལ་ཐོག་ཏུ་བསྡོམས་པར་སྲང་གྲངས་སོགས་བརྗོད་ཀྱིས་མི་ལང་བ་ཙམ་གྱིས་ཚོགས་གཉིས་ཡོངས་སུ་སྤེལ་ཁུལ་བགྱིས་པ་ལ། གཙོ་བོར་རྒྱལ་བ་ཡབ་སྲས་དཔལ་ས་སྐྱ་པ་ཆེན་པོ་སོགས་ནས་ཀྱང་ཁྱོད་ཀྱིས་དངོས་ཆས་རྣམ་ཐོས་སྲས་ཀྱི་བང་མཛོད་ཁ་དབྱེ་བ་ལྟ་བུས་རྣམ་དཀར་གྱི་ཚོགས་བསམ་གྱིས་མི་ཁྱབ་བ་སྒྲུབ་པའི་སྟོབས་འདི་བཞིན་ལ་རྗེས་སུ་ཡི་རངས་ཀྱི་བཀའ་མཆིད་གསེར་གྱི་ཅོད་པན་ཀྱང་སྤྱི་བོར་སྩལ། དེ་མཚུངས་དབུས་གཙང་གི་སེར་སྐྱ་ཚང་མས་ཀྱང་མགྲིན་གཅིག་པས་བསྟན་པའི་ཞབས་ཏོག་སོགས་ལེགས་རབ་ཀྱི་བསྔགས་བརྗོད་གླེང་པ་ལས་གཞན་དུ་མ་གྱུར་པ་སྒྲོ་བཏགས་ཀྱིས་མཚན་མ་བྲལ་ཞིང་མཆོག་དམན་གྱི་ལྐོག་གྱུར་མིན་པའི་ཆོས་ཅན་ནོ། །བར་སྐབས་སུ་འབྲེལ་བ་གང་བྱུང་རྣམས་བཅད། སླན་ཆད་མི་ཚེ་སྟོང་ཟད་དུ་མི་འགྲོ་བའི་དགེ་སྦྱོར་ཞིག་བསམ་རུང༌། བློ་རྩེ་ཟུང་གི་རེ་དོགས་ཀྱི་ངང་དུ་ཚོམ། ཕྱིན་ཆད་ཅིའང༌། ནམ་འཆི། གར་སྐྱེ་སོགས་ཀྱི་ངེས་པ་ནི་མ་ཤེས། །ཞིབ་པར་གཟིགས་འདོད་རྣམས་ཁོ་བོའི་བྱས་བྱུང་པོད་གཉིས་ཡོད་པས་དེར་གཟིགས་ཞེས་པའི་མདོར་བསྡུས་འདིའང་གདན་རབས་ཁ་སྐོང་གི་གྲས་སུ་དགེ་སློང་དཔལ་ཆོས་གྱིས་སོ།། །།