R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༦༨
[A:༥༦༨]མཁན་ཆེན་བསོད་ནམས་ལྷུན་གྲུབ་པ་ནི། སྐུ་འཁྲུངས་པའི་ཡུལ་དབུས་གཙང་རུ་བཞིར་གྲགས་པ་ལས་གཡས་རུའི་སའི་ཆ་ནུབ་ཆོས་ལུང་གི་ཉེ་འདབས་གླིང་མ་མཁར་དུ་ཡབ་སྡེ་པ་བློ་བཟང་ལགས་དང༌། ཡུམ་དཔོན་བཟའ་དྲུང་ལ་ཤིང་ཕོ་རྟའི་ལོར་འཁྲུངས། རུས་ནི་གྱིམ་ཤང་ཧོར་གྱི་རུས་ཏེ་རྗེ་རིགས་སོ། །རྗེ་འདི་ཉིད་གཞོན་ནུའི་དུས་ནས་བྱིས་པའི་སྤྱོད་པ་ལས་འདས་པ་ཞིག་སྟེ། ཆེར་སོན་དགུང་ལོ་བརྒྱད་པ་ལྕགས་གླང་ལོར་ཁུ་བོ་མཚུངས་བྲལ་བྱམས་པ་བསོད་ནམས་བཟང་པོས་བཀའ་བསྐུལ་བས། ཡབ་དང་འགྲོགས་ཏེ་ངོར་དུ་ཆོས་ལ་ཕེབས། ས་སྐྱ་གོང་མ་རིན་པོ་ཆེ་ཆིབས་སྒྱུར་སྐབས་ཀྱི་དགེ་འདུན་སེར་ཕྲེང་བ་རྣམས་གཡག་ར་མགོར་འབྱོན་པ་དང་སྟབས་འགྲིགས་པས་རྗེ་ཉིད་ལ་སེར་ཕྲེང་བསྒྲིགས་པ་ལྟར་བྱུང་བས་ཀུན་གྱི་རྟེན་འབྲེལ་ལེགས་ཚུལ་གླིང༌། ཁུ་བོ་བླ་མ་དམ་པ་དེ་ཉིད་བླ་བྲང་ཁྲིར་བཞུགས་ཀྱང༌། ཐོག་མའི་རྟེན་འབྲེལ་གྱིས་ཕུན་ཚོགས་ཁང་སར་དུ་ཕེབས། རིམ་གྱིས་གཟའ་སྐར་ལེགས་པའི་ཉིན་བླ་བྲང་དུ་ཁུ་བོ་མཇལ་དུ་བྱོན། ན་བཟའ་སོགས་གནང་ཁང་སར་དུ་སྡོད་སློབ་གཉེར་ལ་བརྩོན་པ་གྱིས་གསུང་དོན་ལྟར། བྱིས་པ་འཇུག་པའི་སྒོ་ནས་བཟུང་ཐོས་བརྩོན་མཛད། ཟབ་ཆོས་ནོད་པའི་ཐོག་མར་དཔལ་ས་སྐྱ་པ་ཆེན་པོ་དེ་ཉིད་ཀྱི་དྲུང་དུ་ཨེ་ཝྃ་གཙུག་ལག་ཏུ་ཁྲོ་རྒྱལ་འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང་བཀའ་དྲིན་ཐོབ། ཕྱིར་ལོ་མཁན་ཆེན་བསོད་ནམས་བཟང་པོ་ལས་རབ་ཏུ་བྱུང༌། མཚན་བསོད་ནམས་ལྷུན་གྲུབ་ཏུ་གསོལ། ཁུ་བོ་ཉིད་དང་བཤེས་གཉེན་དམ་པ་མི་ཉག་