[A:༥༠༢]ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་ཆར་པ་ཕབ། ཁྱད་པར་སོ་སོ་ཐར་པའི་སྡོམ་པ་སྔ་ཕྱིར་སྩལ་བ་བགྲང་བ་ལས་འདས་པ། གཞན་ཡང་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ལུགས་གསུམ། རྡོ་རྗེ་ཐེག་པའི་དབང་བསྐུར། ཟབ་ཁྲིད། རྗེས་གནང༌། ལུང་མན་ངག་སོགས་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས། སྐལ་ལྡན་གྱི་གདུལ་བྱ་རྣམས་རྗེས་སུ་བཟུང་བ་མཛད་པའི་ཚེ། གངས་ཅན་གྱི་མགོན་པོ་དཔལ་ས་སྐྱ་པ་ཆེན་པོའི་གདན་ས་གོང་འོག་གི་ཞབས་དྲུང་རྣམས་ཀྱིས་གཙོས། གཙང་དབུས་ཀྱི་གྲུབ་མཐའ་རིས་སུ་མ་ཆད་པའི་མཁན་སློབ་དགེ་བའི་བཤེས་གཉེན་གྲགས་ཆེ་བ་ཕལ་མོ་ཆེ་རྣམས་དང༌། གཞན་ཡང་དམ་པ་དེ་ཉིད་ཀྱི་ཞབས་པད་གཙུག་གིས་ལེན་པའི་ས་སྐྱོང་ཆོས་ཀྱི་རྒྱལ་པོ་དུ་མ་སོགས་མཁས་གྲུབ་ཀྱི་སློབ་མ་ཡོངས་སུ་གྲགས་པ་དང་མ་གྲགས་པ་བགྲང་བ་ལས་འདས་སོ། །རྩོད་པའི་སྒོ་ནས་ཕ་རོལ་གྱི་རྒོལ་བ་རྣམས་ང་རྒྱལ་དང་དྲེགས་པ་བཅོམ་ནས་རྗེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པ་དཔག་ཏུ་མེད་པ་བྱུང་ཞིང༌། རྩོད་ཆོས་ལུང་རིགས་བཟང་པོས་འཐད་སྒྲུབ་ཀྱི་བསྟན་བཅོས་དང༌། མཁས་བཙུན་མང་པོས་རང་རང་གི་ཐུགས་བཞེད་ལྟར་འཁྲུལ་པ་སེལ་བའི་དྲིས་ལན་དཔག་མེད། སོ་སོའི་གཞུང་དང་མཐུན་པར་བཀའ་དང་བསྟན་བཅོས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་དེ་འདི་ལྟར་རོ་ཞེས་ལེགས་པར་བཀྲལ་ནས་གནང་བ་ཡང་མཐའ་ཡས་སོ། །གཞན་ཡང་གྲགས་ཆེའི་བུ་སློབ་རྣམས་ཀྱིས་བསྐུལ་བ་དང༌། ཁྱད་པར་དུ་