[A:༥༨༡]ཀྱིས་བླང་བར་འོས། །ཞེས་གསུངས་པའི་ཕྱིར་རོ། །སློབ་དཔོན་སངས་རྒྱས་གསང་བས། གལ་ཏེ་རྣལ་འབྱོར་གཟའ་སྐར་འཇུག་ཕོད་དང༌། །དུས་དང་ལོ་ཟླ་བཟང་ངན་རྩི་བྱེད་ན། །དབྱེར་མེད་མཉམ་པ་ཉིད་དང་འགལ་བས་ན། །བྱང་ཆུབ་ཐོབ་པ་རབ་ཏུ་དཀའ་བར་འགྱུར། །ཞེས་བཤད་པ་ནི་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་ཟིན་ནས་ཡུན་རིང་བསྒོམ་པའི་སྒོམ་ཆེན་ལ་གསུངས་ཀྱི། གཞན་ལ་སློབ་མི་དགོས་པར་བསྟན་པ་མ་ཡིན་ཏེ། གསང་བ་སྤྱི་རྒྱུད་ལས། ཉི་མ་ཟླ་བ་གཟས་འཛིན་དང༌། །ཡ་མཚན་ཆེ་ལྟས་བྱུང་བ་དང༌། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྒྲིགས་ཏེ་དཀྱིལ་འཁོར་བྲི་བར་བྱ། །ཞེས་དང༌། རབ་གནས་ཀྱི་རྒྱུད་ལས། །དབང་བསྐུར་དང་ནི་རབ་གནས་ཉིད། །ཡར་གྱི་ངོ་ལ་བརྟག་པར་བྱ། །གཟའ་དང་སྐར་མ་འཛོམ་གྱུར་ན། །མར་ངོ་ལ་ཡང་ཉེས་པ་མེད། །ཅེས་བརྩི་དགོས་པར་གསུངས། བརྩི་བ་ལ་རྩིས་ཤེས་མཁན་དགོས་པས་སོ་སྙམ་མོ། །རྩིས་འདིས་ཁ་འདོན་ལ་སད་བྱེད་གྱི་ན་ཡོད་འགྲོ་སྣང་བ་འགའ་ཞིག་ལ་འཆར་གིན་འདུག་ཀྱང༌། སྤྱོད་འཇུག་ལས། ནད་ཀྱིས་དཀྲུགས་པའི་མི་དག་ནི། །ལས་རྣམས་ཀུན་ལ་མཐུ་མེད་པ། །ཞེས་པ་ལྟར། རང་ཉིད་ལུས་གཅོང་བ་དང༌། ལེ་ལོ་ཆེས་པས་སྐྱོན་མ་གཏོགས། ཉིན་གུང་ཚེས་གྲངས་གསུམ་རེ་ཙམ་བཏོན་པའི་ས་རིས་ཀྱི་ཐུགས་དམ་མ་བྱེད་ཟེར་མི་ཡང་འདུག་ལགས། ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པའི་སྔོན་གྱི་པཎྜི་ཏ་རྣམས་ཞལ་འདོན་མཛད་ཀྱིན་ལོས་ཡོད་ཀྱང༌། ཤེས་བྱ་མཁྱེན་པས་ཐུགས་དམ་ལ་གནོད་པའི་