[A:༥༨༢]སྒྲོས་ཡེ་མི་སྣང༌། དེང་སང་ཤེས་བྱ་ཕྱོགས་རེའི་ཆ་ཤས་ཙམ་ཤེས་པས་ཐུགས་དམ་ལ་གནོད་པ་བཞད་གད་ཀྱི་གནས་སོ། །འཕགས་པ་ལྗོན་ཤིང་གི་མདོ་ལས། བསམ་པ་མེད་པར་ཉལ་ཏེ་གཉིད་ལོག་ན། །འཇིག་རྟེན་འདི་ཡི་ཉི་མ་སྒོ་རུ་ནུབ། །ཅེས་དང༌། སློབ་དཔོན་ཟླ་བ་གྲགས་པས་དབུ་མ་འཇུག་པ་ལས། ཡོན་ཏན་ཐམས་ཅད་བརྩོན་འགྲུས་རྗེས་འགྲོ་ཞིང༌། །བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀྱི་རྒྱུ། །ཞེས་གསུངས་པའི་དོན་གང་ཡིན་རྩད་གཅོད་དགོས་པར་སྣང༌། མདོར་ན་སློབ་དཔོན་ཨཱརྱ་དེ་བས། བསམ་པས་བྱང་ཆུབ་སེམས་དཔའ་ཡི། །དགེ་བའམ་ཡང་ན་མི་དགེ་བ། །ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་སེམས་དེ་གཙོ་བའི་ཕྱིར། །ཞེས་གསུངས་པ་བཞིན། བསམ་པ་སེམས་བསྐྱེད་ཀྱི་རྩིས་ཟིན་ན་གང་ཡང་དགེ་བའི་ཆོས་ཡིན་སྙམ་མོ། །མཁན་ཆེན་བྱམས་པ་བསོད་ནམས་བཟང་པོས་མཁན་པོ། ཐར་རྩེ་མཁན་ཆེན་ནམ་མཁའ་བསམ་འགྲུབ་ཀྱི་ལས་སློབ། དབུ་མཛད་སངས་རྒྱས་ཚུལ་ཁྲིམས་ཀྱི་གསང་སྟོན། ཡར་རྒྱས་བླ་མ་སངས་རྒྱས་བསྟན་པས་དུས་བགོ་བ། གཞན་ཡང་དགེ་བའི་བཤེས་གཉེན་བླ་མ་སངས་རྒྱས་དཔལ་བཟང་སོགས་དགེ་འདུན་གྲངས་ཚང་པའི་དབུས་སུ་བསྙེན་པར་རྫོགས། དེ་སྐབས་དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གང་ཡིན་ནི་ཧ་མ་གོ །འོན་ཀྱང་རྩ་བ་བཞི་གང་ཡིན་རྩད་བཅད་ནས་བསྲུང་ཁུལ་བྱས། འཕགས་པ་ཀླུ་སྒྲུབ་ཀྱིས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་དང༌། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ཤིན་ཏུ་ལེགས་པར་ཚུལ་ཁྲིམས་གང༌། །བསྡམས་པའི་མི་དེ་མཛེས་པའི་གཟུགས། །འདུལ་བ་ལ་ནི་ཉེ་བར་གནས། །ཚུལ་ཁྲིམས་