[A:༥༨༣]བསླབ་པར་རང་ཡིད་ཆེས། །མི་དེ་ཉི་མ་གཅིག་ལ་ཡང༌། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །གསོག་ཅིང་སངས་རྒྱས་འབྲས་བུ་འགྲུབ། །ཅེས་དང༌། ཚུལ་ཁྲིམས་འདི་ནི་བདེ་བའི་མཆོག །ཚུལ་ཁྲིམས་འདི་ནི་ཐར་པའི་ལམ། །ཚུལ་ཁྲིམས་འདི་ནི་ཡོན་ཏན་གཞི། །ཚུལ་ཁྲིམས་འདི་ནི་སངས་རྒྱས་རྒྱུ། །ཞེས་སོགས་ཕན་ཡོན་དཔག་ཏུ་མེད་བ་གསུངས་པས། གལ་ཤིན་ཏུ་ཆེ་བར་གོ་ཡང༌། ཚུལ་ཁྲིམས་བཤད་ཚོད་དང་མཐུན་པ་བསྲུང་ནུས་པ་དང༌། བསྲུང་ལུགས་ཤེས་པ་གཉིས་ཀ་དཀའ་མཉམ་དུ་མཆིས། འོན་ཀྱང་རློམ་སེམས་མེད་པའི་ཚུལ་ཁྲིམས་དང་ལྡན་པར་བླ་མ་དང་དཀོན་མཆོག་གི་བྱིན་གྱིས་རློབས་ཤིག་ཅེས་ཡིད་སྨོན་རྒྱུན་དུ་བགྱིས་སོ། །ཀྱེ་རྡོར་གཞི་བསྙེན་ཟླ་བ་བརྒྱད་ཙམ་ཞིག་བྱས། མཇུག་ལ་ལས་བཞིའི་སྦྱིན་སྲེག་བླུགས། ཟད་བྱེད་ཅེས་པ་མེ་ཕོ་སྟག་གི་ལོ་ངོར་གྱི་མཁན་པོ་བྱེད་དགོས་ཚུལ་བྱུང་བ་བཞིན་ཟླ་བ་བརྒྱད་པའི་ཚེས་ཉེར་ལྔ་དགེ་བའི་ཉིན་ཨེ་ཝཾ་གཙུག་ལག་ཁང་དུ་ཕྱིན་ལོ་ལྔའི་བར་རང་འཁོས་ལ་དཔགས་པའི་འཛིན་སྐྱོང་བྱས། རྒྱལ་བ་ཀུན་དགའ་བཟང་པོས་ཀྭ་ཡེ་ཁོ་བོའི་རྗེས་སུ་སློབ་པ་རྣམས། །ཤ་ཆང་ལ་སོགས་མ་དག་འཚོ་བ་སྤངས། །རྨད་བྱུང་ཡོན་ཏན་ཀུན་གྱི་གཞི་གཅིག་པུ། །ཚུལ་ཁྲིམས་རིན་ཆེན་སྲོག་བས་གཅེས་པར་བཟུང༌། །ཞེས་དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལས་དུས་དབང་གི་ཤ་ཆང་གཉིས་ལ་བཀར་ཏེ་གསུངས་དགོས་བྱུང་འདུག་ཅིང༌། དེ་ལའང་དེང་སང་ཉན་མཁན་དཀོན་པའི་ཁར། ཐེབས་ལ་ཉེས་དམིགས་ཤིན་ཏུ་ཆེ་བའི་ཐ་མ་ཁ་འཐེན་མཁན་ཤིན་ཏུ་མང༌། ཆང་དང་ཐ་མ་ཁ་གཉིས་ཚེ་ཕྱི་མ་