[A:༥༨༤]རྣམ་སྨིན་ལྕི་བར་མ་ཟད། ཚེ་འདིར་ཡང་ལད་ཚབས་ཤིན་ཏུ་ཆེ་བར་མཐོང་བས་ཉན་མཁན་ཡོད་མེད་ཇི་ལྟར་རུང༌། ཕན་ཏུ་རེ་ནས་འདི་སྐད་སྨྲས་སོ། །ཆང་ཐ་མ་ཁ་ལ་དགའ་བའི་མི། །བློ་ལད་ཚབས་ཆེ་བ་དངོས་སུ་མཐོང༌། །ཚེ་འདི་ལ་མི་མཛེས་ཕྱི་མར་སྡུག །སྐྱོན་འདི་དག་སྤངས་ན་བསོད་ནམས་འཕེལ། །ཆང་བག་མེད་འཐུང་ཞིང་དུག་འཐེན་མཁན། །རང་གཅིག་པུ་ཕུང་བར་མ་ཟད་པར། །མི་གཞན་ཡང་མང་པོ་ལད་འགྲོ་འདུག །ཕན་མ་ཐོགས་ན་ཡང་གནོད་མ་སྐྱེལ། །ཞེས་སོགས་ཀྱིས་མཚོན་སྒོ་ཡིག་མང་དུ་སྦྱར། ཆང་བག་མེད་མི་འཐུང་བ་དང༌། ཐ་མ་ཁ་མི་འཐེན་པ་གནད་ཤིན་ཏུ་ཆེ་བར་གོ །མདོ་ལས། འཆི་བའི་སྲོག་ལ་ཀུན་ཀྱང་འཛེམ། །འཚོ་བའི་ཟས་ལ་ཀུན་ཀྱང་འདུ། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་པ་འདི་རང་གཞན་གྱི་དྲན་པའི་གསལ་འདེབས་སུ་ཡང་ཡང་སྨྲས། རྒྱལ་སྲས་ཞི་བ་ལྷས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལ་བྱུང༌། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་བདག་བདེ་འདོད་ལ་བྱུང༌། །མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པས་རང་གི་དོན་བྱེད་དམ། །ཐུབ་པས་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱིས་ནི་ཁྱད་པར་ལྟོས། །ཞེས་གསུངས་པའི་གནད་མ་འཕྱུགས་པར་ཉམས་སུ་ལེན་ཁུལ་བྱས། རྒྱས་སྲས་ཐོགས་མེད་བཟང་པོ་དཔལ་གྱིས། ཡུལ་ཕྱི་རོལ་གྱི་ལོག་སྒྲུབ་སྣ་ཚོགས་པ། །རང་ང་རྒྱལ་གྱི་