[A:༥༨༥]ཁོང་ཡུས་ཆེས་པས་ལེན། །ང་རྒྱལ་གྱི་ཁོང་ཡུས་སྤོང་ཙ་ན། །རྐྱེན་ལོག་སྒྲུབ་ལམ་གྱི་གྲོགས་སུ་འཆར། །ཞེས་དང༌། ལུགས་ཀྱི་བསྟན་བཅོས་ལས། ཆེ་ཕྲའི་བྱ་བ་གང་ལའང་རང་གི་འདོད། །ཧ་ཅང་ཆེས་ན་ཁ་དཔེ་མི་འཚེངས་པའི། །ཕུགས་སུ་རང་ལ་གནོད་པས་འདོད་ཉེ་དང༌། །ཕྱོགས་ཆ་ཉེ་རིང་ནམ་ཡང་མེད་པར་མཛོད། །ཅེས་གསུངས་པ་བཞིན། རང་འདོད་ཆུང་ཞིང་སྤྱི་ལ་ཕན་སེམས་ཆེ་བ། གནད་ཆེ་ཤོས་ཞིག་ཏུ་གོ །ལག་ལེན་ཐམས་ཅད་ཀྱང་དེའི་སྟེང་ནས་བྱེད་ཁུལ་བྱས། རྒྱས་སྲས་སེམས་དཔའ་ཆེན་པོས། གང་དང་འགྲོགས་ན་དུག་གསུམ་འཕེལ་འགྱུར་ཞིང༌། །ཐོས་བསམ་སྒོམ་པའི་བྱ་བ་ཉམས་འགྱུར་ལ། །བྱམས་དང་སྙིང་རྗེ་མེད་པར་སྒྱུར་བྱེད་པའི། །གྲོགས་ངན་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པ་བཞིན། སྡིག་གྲོགས་ཀྱི་དབང་དུ་ཡང་མ་ཤོར་བའི་ཁུལ་བྱས། དཔལ་མར་མེ་མཛད་ཀྱིས། མང་པོའི་ནང་དུ་ངག་ལ་བརྟག །གཅིག་པུར་འདུག་ན་སེམས་ལ་བརྟག །ཅེས་གསུངས་པ་བཞིན། མང་པོའི་ནང་དུ་ངག་ལ་མ་བརྟགས་པར་ཁ་ནས་སྣ་ཚོགས་སྨྲས་ན། ལ་ལའི་དབུ་ལ་ཕོག །ལ་ལའི་ཞབས་ལ་ཕོག་ནས་ལས་ངན་གྱི་རྒྱུར་འགྲོ་བ་མང་བས་ངག་བཙུན་པ་གལ་ཆེ་བར་གོ །རྗེ་ས་པཎ་གྱིས། ཚིག་ངན་བརྗོད་པའི་འཇིག་རྟེན་དུ། །འདོད་པ་འགྲུབ་པ་མི་སྲིད་ཀྱི། །ཡིད་ལ་རང་འདོད་བསྒྲུབས་ན་ཡང༌། །ངག་གི་ཀུན་དང་མཐུན་པར་གྱིས། །རང་དང་གཞན་གྱི་དོན་འགྲུབ་