R220: ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར།

  • Pagination (Witness A): ༥༨༨
[A:༥༨༨]རྗེས་བཟུང་དུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུྃ། །ཞེས་གསོལ་བ་འདེབས་ཁུལ་བྱས། མདོར་ན་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང༌། དཀོན་མཆོག་ལ་བློ་གཏད་ནས་ཅི་བྱེད་དགེ་བའི་ཆོས་ནས་བཤད་པ་བཞིན་བྱས་ཁུལ་ལགས། ཅི་བྱེད་དགེ་བའི་ཆོས་དང་བསྟུན་ན་ཡང༌། །ཡང་དག་རང་ཞིག་ག་འདྲས་བྱུང་ཡོད་དམ། །དམ་ཉམས་ཁྲིམས་འཆལ་ཉེས་ལྟུང་ཐམས་ཅད་བཤགས། །བཤགས་བློ་སྐྱེས་པས་ཉེས་ལྟུང་འདག་པར་ཤོག །མི་ཚེ་ཕྱེད་ལྷག་ཙམ་ཞིག་སོང་ན་ཡང༌། །ཡང་དག་དམ་ཆོས་བྱས་པའི་རྗེས་ནི་ཅི། །ཅི་ཤེས་ཉམས་ལེན་ད་ནི་རན་འདུག་གོ །གོ་བ་སྐྱེས་ནས་ཉམས་ལེན་བྱེད་པར་ཤོག །རང་གི་གནས་ཚུལ་བལྟས་ན་མཐོང་ནུས་འདི། །གཞན་ལ་ཕན་ཕྱིར་བྲིས་པའི་དགེ་བ་ཡིས། །ཚེ་རབས་ཀུན་ཏུ་གཞན་ལ་མི་འཚེ་ཞིང༌། །གཞན་ཕན་བྱང་ཆུབ་སེམས་དང་མི་འབྲལ་ཤོག །ཅེས་རང་གི་གནས་ཚུལ་བལྟས་ན་མཐོང་ནུས་འདི་ཡང་རིན་ཆེན་མི་འགྱུར་རྒྱལ་མཚན་གྱིས་སྦྱར་བ་དགེ་ལེགས་འཕེལ། སརྦ་མངྒ་ལཾ། །བྷ་ཝནྟུ།། །།མཁན་ཆེན་རྡོ་རྗེ་འཛིན་པ་དཀོན་མཆོག་གྲགས་པ་ནི། མདོ་སྨད་ཀྱི་ཡུལ་བཞག་བྲག་ལྷ་རྩེའི་བྱང་ངོས་སུ་དཔག་ཚད་གཅིག་ཙམ་བགྲོད་པ་ན་སྟག་ར་ཕ་ཚོ་བཅུ་གཉིས་ཀྱི་ཡ་གྱལ་རྒྱལ་བཟང་ཞེས་པའི་ཡུལ་ན། ཡབ་གཟི་རྒན་ཨ་འབུམ་པདྨ་དང༌། ཡུམ་ཨ་འཚོ་མ་ཞེས་པ་གཉིས་ཀྱི་སྲས་སུ་སྤྲེལ་ལོར་འཁྲུངས་ཤིང༌། ཁུ་