[A:༢༣༩] ལས་ལ་མི་དབང་བ་དང༌། འདོད་པ་སྦྱིན་པར་བྱེད་པ་སྟེ།
བརྒྱད་ཕྲོགས་ཤིང་ཚངས་པ་ཆེན་པོའི་བྱེད་པ་འཆང་བ། །བསོད་ནམས་ཆེན་པོའི་དཔལ་ལས་སྐྱེས་སྟོབས་ཀྱི་འཁོར་ལོ་ནམ་མཁར་འཕགས་པའི་རྗེས་སུ་གླིང་བཞི་རི་རབ་འབྲེངས་པའི་རྒྱལ་པོ་ངེད་ཀྱི་ལུང༌། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུའི་ཡན་ལག་ཡོངས་སུ་རྫོགས་པའི་སངས་རྒྱས་གཉིས་པ་ལྟར་རམ། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་འཇམ་པའི་དབྱངས་དངོས་སྨྲ་བའི་མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་བ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་འདི་ལྟ་སྟེ། མ་གྱུར་རིགས་དྲུག་གི་འཁོར་ལོས་བསྡུས་པའི་འགྲོ་བ་ལ་གནམ་སའི་དྲིན་ལན་འདབ་པར། དགེ་སྡིག་གི་ལམ་གྱི་རྣམ་པར་དབྱེ་བ་ཤེས་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ཁང་བཟང་དུ་འདྲེན་པར་ནུས་པའི་བླ་མ་ཞིག་དགོས་བྱུང་བ་བརྟག་པ་བྱས་དུས། ལེགས་བྱས་ཀྱི་མེ་ཏོག་ཕོག་པའི་ལྷའི་བགོས་སྐལ་བཟང་པོ་ཁྱོད་དུ་འདུག་པ། སེམས་འདྲེན་མ་མ་ཡིན་པའི་རྩེ་གཅིག་པས་གཡར་འདྲེན་ན་འབྱོན་པ་ཅི་གནང༌། ཡང་ཉེར་ལེན་གྱི་ཕུང་པོ་སྲིད་པའི་ཆོས་ཉིད་ཅན་དུ་རྒས་པར་བསྙད་ན། སྔོན་ལྷ་མིའི་སྟོན་པ་ཤཱཀྱ་ཐུབ་པས་སེམས་ཅན་གྱི་དོན་ལ་གདུང་བ་མེད་པར་ལུས་གྲངས་མེད་དུ་སྦྱིན་པར་བཏང་བ་ཅི་ཙམ། དེའི་ཆོས་རྣམས་མངོན་སུམ་རྟོགས་པའི་དམ་བཅའ་དང་ཨེ་འགལ། ངས་རྣམ་པར་རྒྱལ་བ་ཆེན་པོའི་རུ་མཚོན་བླངས་ནས། དཔུང་གི་སྦྱོར་བ་དྲག་པོ་བཤམས་ན་སྐྱེ་འགྲོ་མང་པོ་མནར་བར་མི་འགྱུར་རམ། བླ་ན་མེད་པའི་ཡེ་ཤེས་ཀྱི་མཐུ་ཐོབ་ལ། ཕྲིན་ལས་ཀྱི་ཏིང་ངེ་འཛིན་ཐོགས་པ་མེད་པ། ཀུན་ལ་བྱམས་པ་དང་ཐུགས་རྗེའི་འོད་ཟེར་རྣམ་པར་སྣང་མཛད་བྱེ་བྲག་མེད་པར་ཁྱབ་པའི་དོན་གྱིས་ན། ས་ལེ་བར་ཁྲི་ཕྲག་དུ་མའི་ལམ་གྱི་ངལ་བ་སྤངས། ཇིན་གིར་ཧོར་གྱི་རྒྱལ་པོའི་རིགས་ཀྱི་མོས་པ་ཕྱིར་མི་གཞོལ་བའི་སླད། མཁའ་ལས་རིན་པོ་ཆེའི་ཆར་བརྩམས་བཞིན་