R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༣༠༢
[A:༣༠༢]བཅས་པ་ཤར་ཕྱོགས་ཀྱི་རྒྱལ་ཁམས་རྣམས་སུ་བྱོན་པར་གྱུར་ཏོ། །དེའི་ཚེ་གཙང་གི་ས་ཆ་ལ་གནས་པའི་སྐྱེ་བོ་ཐམས་ཅད་ཀྱིས་ཆོས་ཞུ་ཞིང་ཕྱི་བཞིན་འབྲངས་པར་གྱུར་ཏེ། དབུས་སུ་བྱོན་ནས་སྐྱེ་བོ་ཕལ་མོ་ཆེ་ཐེག་པ་གསུམ་ལ་བཅུག་ཅིང༌། བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་མཛད་ནས། དེའི་དུས་སུ་བདག་ཉིད་ཆེན་པོ་འདིས་མཁྱེན་རབ་ཀྱི་དབང་ཕྱུག་ས་སྐྱ་པཎྜི་ཏ་ལ་མཁན་པོ་ཞུས་ནས། དགེ་བའི་བཤེས་གཉེན་ཟུལ་ཕུ་བ་ལ་སློབ་དཔོན་ཞུས། དེའི་བསླབ་བྱ་རྣམས་དགེ་བའི་བཤེས་གཉེན་སྐྱོར་མོ་ལུང་པ་ལས་ལེགས་པར་གསན་ཅིང་རབ་ཏུ་བྱུང་ནས་མཚན་ཡང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ་ནས་ངུར་སྨྲིག་གི་རྒྱལ་མཚན་གྱིས་མཛེས་པར་བྱས་ཤིང༌། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གི་དངོས་པོ་དང་འདྲ་བར་གྱུར་ཏོ། །དེའི་ཚེ་སྐྱེས་བུ་དམ་པ་འདི་རབ་ཏུ་བྱུང་བས་སངས་རྒྱས་ཀྱི་བསྟན་པ་དང༌། ལྷའི་ཕྱོགས་ནི་ཟླ་བ་ཡར་གྱི་ངོ་བཞིན་འཕེལ་བར་གྱུར་ལ། ནག་པོའི་ཕྱོགས་དང་ལྷ་མ་ཡིན་རྣམས་ནི་འགྲིབ་པར་གྱུར་ཏོ། སྙན་པའི་གྲགས་པས་ས་སྟེང་ཐམས་ཅད་ཁྱབ་པར་གྱུར་ཅིང༌། ས་བླའི་ལྷ་རྣམས་ཀྱིས་རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་དང༌། རྒྱལ་ཆེན་རིགས་བཞི་པ་རྣམས་ཀྱིས་སུམ་ཅུ་རྩ་གསུམ་པ་རྣམས་ལ་བསྒྲགས་ཤིང་དེ་བཞིན་དུ་འོག་མིན་གྱི་བར་དུ་བསྒྲགས་པར་གྱུར་ཏེ། དྲན་པ་ཉེ་བར་གཞག་པ་ལས། སྐྱེས་བུ་དམ་པ་རྣམས་རབ་ཏུ་བྱུང་བའི་ཚེ་འདི་ལྟ་བུ་འབྱུང་བར་བཤད་པའི་ཕྱིར་རོ། །དེ་ནས་རིམ་གྱིས་མདོ་ཁམས་དང༌། མདོ་སྨད་དང༌། བྱང་ངོས་ཀྱི་ས་ཆར་བྱོན་ཏེ། དེ་དག་རྣམས་སུ་ཡང་ཐེག་པ་གསུམ་གྱི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཞིང་གདུལ་བྱ་དཔག་ཏུ་མེད་པ་གྲོལ་བར་མཛད་དོ། །དེ་ནས་བདག་ཉིད་ཆེན་པོ་འདི་དགུང་ལོ་བཅུ་བདུན་བཞེས་པའི་ཚེ། ཆོས་ཀྱི་རྗེ་ཉིད་ལ་མངའ་བའི་ཡོན་ཏན་གྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཏེ། འགྲོ་བ་ཕལ་མོ་ཆེ་ཡང་འདི་ཉིད་ཀྱིས་འདུལ་བར་ཆོས་ཀྱི་རྗེས་གཟིགས་ནས་ཆོས་ཀྱི་དུང་དང་ལྷུང་