[A:༣༠༣]བཟེད་ལ་སོགས་པ་བདག་ཉིད་ཆེན་པོ་འདི་ལ་གཏད་ནས། ད་ནི་ཁྱོད་ཀྱི་བསྟན་པའི་བྱ་བ་དང༌། སེམས་ཅན་དཔག་ཏུ་མེད་པའི་དོན་བྱ་བའི་དུས་ལ་བབས་པས་སྔོན་གྱི་དམ་བཅས་པ་དྲན་པར་གྱིས་ཤིག་ཅེས་གསུངས་ནས་སློབ་མའི་ཚོགས་དང་རྒྱལ་བའི་བསྟན་པ་རིན་པོ་ཆེ་གཏད་དེ་ངོ་མཚར་བའི་ལྟས་དུ་མ་བསྟན་ནས་བདེ་བར་གཤེགས་པར་གྱུར་ཏོ། །དེའི་ཚེ་སློབ་མའི་ཚོགས་ཐམས་ཅད་ཀྱང་ཆོས་ཀྱི་རྗེ་ཞི་བར་གཤེགས་ཀྱང༌། དེ་ཉིད་ཀྱི་སྐུའི་བཀོད་པ་གཉིས་པའམ། དེ་ཉིད་ཀྱི་ཡོན་ཏན་གྱི་ཕུང་པོ་ཆེན་པོ་འཕགས་པ་འདི་བཞུགས་སོ་ཞེས་མྱ་ངན་དང་ཡིད་མི་བདེ་བ་གང་ཡང་མེད་ཅིང་དམ་པའི་ཆོས་འཆད་པ་དང་ཉན་པ་ལ་སོགས་པ་བསྟན་པའི་བྱ་བ་མ་བསྒྲིམས་པར་ལྷོད་པར་མ་གྱུར་ཏོ། །སྙིགས་མའི་དུས་འདིར་ཐུབ་དབང་གཉིས་ལྟ་བུ། །ཆོས་ཀྱི་རྗེ་དེ་ཞི་བར་གཤེགས་ན་ཡང༌། །དེ་ཡི་སྐུ་ནི་གཉིས་པ་བཞག་པའམ། །ཡོན་ཏན་ཕུང་པོ་འདི་ནི་བཞུགས་སོ་ཞེས། །སློབ་མའི་ཚོགས་ལ་མྱ་ངན་སྡུག་བསྔལ་མེད། །འཕགས་པའི་སྐུ་ནི་ཟླ་བ་ཉ་འདྲ་ལ། །རྒྱ་མཚོ་ལྟ་བུར་ཤིན་ཏུ་ཟབ་པའི་ཐུགས། །ཚངས་དབྱངས་ལྟ་བུར་གསུང་དབྱངས་སྒྲོགས་མཐོང་ནས། །སླར་ཡང་དགའ་བ་ལྷག་པར་འཕེལ་བར་གྱུར། །དེ་ནས་ཆོས་ཀྱི་རྗེ་ཞི་བར་གཤེགས་པའི་རྗེས་ཀྱི་བྱ་བ་ཆེན་པོ་རྣམས་རིམ་པ་བཞིན་བསྒྲུབས། སློབ་མའི་ཚོགས་དང་སྐྱེ་དགུ་ཕལ་མོ་ཆེ་ནི་ཐེག་པ་གསུམ་གྱི་ཆོས་ཀྱི་དགའ་སྟོན་གྱིས་ཡང་དག་པར་མགུ་བར་བྱས་ནས་རིམ་གྱིས་སའི་བདག་པོ་ཇི་གྱིམ་གན་ནས་རྒྱལ་རབས་ལྔ་སྲིད་པའི་སྐྱེ་བ་དཔག་ཏུ་མེད་པར་ལེགས་པར་བསགས་པ་ལྷུན་པོ་ལྟར་གཏོས་ཆེ་ཞིང༌། རིང་དུ་སྦྱངས་པའི་བློ་གྲོས་ཉི་མའི་དཀྱིལ་འཁོར་ལྟར་གསལ་ཞིང་གཟི་བརྗིད་ཆེ་ལ། རྒྱ་མཚོ་མཆིང་རྣམ་ཆེན་པོ་ལྟར་མི་འཁྲུག་ཅིང༌། དལ་འབྱོར་རིན་པོ་ཆེ་དུ་མས་འབྱོར་པ་སྟོབས་དང༌། བརྩོན་འགྲུས་དང་ཕ་རོལ་གནོན་པ་མཚུངས་པ་མེད་པས་སའི་སྟེང་ན་འགྲན་ཟླ་མེད་ཅིང༌། རྒྱ་མཚོ་མཐའ་ཀླས་པའི་