[A:༣༠༧]དགའ་ཞིང་མགུ་ལ་རངས་པས་རྣམ་པ་དྲུག་ཏུ་གཡོ་ཞིང༌། གསེར་སྦྲམ་ཆེན་པོ་ལ་སོགས་པ་རིན་པོ་ཆེ་དུ་མ་ཡང་སའི་སྟེང་དུ་འཐོན་པར་བྱེད། ལོ་ཐོག་རྣམ་པ་སྣ་ཚོགས་པ་དག་ཀྱང་སྨིན་པར་བྱེད། ཉི་མའི་དཀྱིལ་འཁོར་ཡང་འོད་ཀྱི་དྲ་བ་གསལ་བར་འབྱིན་པར་གྱུར། སྐྱེ་དགུ་ཐམས་ཅད་ཀྱང་རྫོགས་ལྡན་གྱི་དུས་བཞིན་སླར་ཡང་འབྱོར་པར་གྱུར་ཏེ། སྐྱེ་བོ་ཐམས་ཅད་ཆོས་ཉན་པ་ལ་མངོན་པར་དགའ་ཞིང༌། ཡུལ་དབུས་ཀྱི་པཎྜི་ཏ་ཆེན་པོ་དུ་མ་འདུས་ཏེ། བོད་ཀྱི་སྡེ་སྣོད་འཛིན་པ་ཐམས་ཅད་ཀྱིས་ཀྱང་གསོལ་བ་བཏབ་ནས། བདག་ཉིད་ཆེན་པོ་འདིས་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཞིང་ཁ་བ་ཅན་ན་གནས་པའི་འགྲོ་བ་ཕལ་མོ་ཆེ་སྨིན་ཅིང་གྲོལ་བར་མཛད་དོ། །དེ་ལྟར་བདག་ཉིད་ཆེན་པོ་འདིས་ཆོས་དང་ཟང་ཟིང་གི་སྦྱིན་པ་རྫོགས་ལྡན་གྱི་དུས་ཀྱི་སྤྲིན་ཆེན་པོ་ལྟ་བུ་ཕབ་པས། སྙིགས་མའི་དུས་ཀྱི་འགྲོ་བ་ཐམས་ཅད་ཀྱི་སྐྱབས་གནས་དམ་པར་གྱུར་པ་ཡིན་ནོ། །དེ་ཚེ་ས་སྟེང་ཆོས་དང་ཟང་ཟིང་གིས། །དཔལ་འབྱོར་བཟང་པོ་ཕུན་སུམ་ཚོགས་མཐོང་ནས། །གོང་མའི་ལྷ་རྣམས་ཤིན་ཏུ་ངོ་མཚར་ཞིང༌། །སྙིགས་མའི་དུས་ལ་ཡིད་ནི་སོམ་ཉིར་གྱུར། །དེ་ལྟར་བདག་ཉིད་ཆེན་པོ་འདི་ནི། ཆོས་ཀྱི་རྗེ་ལས་ཐོས་པ་ཡོངས་སུ་རྫོགས་ཤིང༌། ཆོས་ཀྱི་མངའ་བདག་ཆེན་པོར་གྱུར་པ་ཡིན་ན་ཡང༌། བདག་ཉིད་ང་རྒྱལ་མེད་ཅིང་ཆོས་ལ་གུས་པས་བསྟེན་པ་དང༌། ལེགས་བཤད་བྱིས་པ་དག་ལས་ཀྱང༌། །དམ་པ་རྣམས་ཀྱིས་ལེན་པར་བྱེད། །ཅེས་འབྱུང་བའི་རྣམ་པར་ཐར་པས་དམ་པའི་ཆོས་གསན་པའི་ཚུལ་བསྟན་པ་ནི། ཁ་ཆེའི་པཎྜི་ཏ་ཤྲཱི་ཏ་ཐཱ་ག་ཏ་བྷ་དྲ་ཞེས་བྱ་བ་ལས། སྔོན་གྱི་སློབ་དཔོན་སརྦ་དྷརྨཱ་ཞེས་བྱ་བས་མཛད་པའི་སྒྲའི་བསྟན་བཅོས་ཀ་ལཱ་པ་མཚམས་སྦྱོར་གྱི་རབ་ཏུ་བྱེད་པ་ལེའུ་དྲུག །བྲམ་ཟེའི་སློབ་དཔོན་ཨུ་གྲ་བྷུ་ཏི་ཞེས་བྱ་བས་མཛད་པའི་སློབ་མ་ལ་ཕན་པ་ཞེས་བྱ་བའི་འགྲེལ་པ་དང་བཅས་པ་ལེགས་པར་བསླབས་ནས། ཁམས་སྒྲུབ་པ་ཏི་ངན་ཏི་དང༌།