R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༣༠༩
[A:༣༠༩]བཞིའི་ལས་ཚོགས་ཀྱི་མན་ངག །མངོན་སྤྱོད་ཀྱི་དུས་ངེས་པར་བསྟན་པ། འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག །མཎྜལ་གྱི་ཆོ་ག་རྣམས་གསན་ནོ། །ཡང་སློབ་དཔོན་དེ་ཉིད་ལས། རྡོ་རྗེ་ཕྲེང་བའི་ལུགས་ཀྱི་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། རྗེ་བཙུན་བདག་མེད་ལྷ་མོ་བཅོ་ལྔའི་དབང་དང༌། འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་གྱི་དབང་དང༌། རྡོ་རྗེ་སྒྲོལ་མ་ལྷ་བཅུ་གཅིག་པའི་དབང་དང༌། ཀུ་རུ་ཀུལླེ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ནོས་ནས། དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བ་དང༌། སྒྲུབ་ཐབས་རྣལ་འབྱོར་རྫོགས་པའི་ཕྲེང་བ། སྦྱིན་སྲེག་གི་ཆོ་ག་འོད་ཀྱི་སྙེ་མ་རྣམས་གསན་ནས། དེའི་ལུགས་ཀྱི་ཐིག་དང༌། སྟང་སྟབས་ཀྱི་བཀོད་པ་ལ་སོགས་པའི་ལག་ལེན་རྣམས་ཀྱང་ནོས་ཤིང༌། དཔལ་འཁོར་ལོ་བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་ལས་འབྱུང་བ་ཧེ་རུ་ཀ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས་དེའི་སྒྲུབ་ཐབས་མན་ངག་དང་བཅས་པ། སྡོམ་པ་འབྱུང་བའི་རྒྱུད་དེ་ཉིད་ཀྱི་རྒྱ་ཆེར་འགྲེལ་པ་གསན་ནོ། །ཡང་སློབ་དཔོན་མཻ་ཏྲི་པའི་དགོངས་པ་སྙིང་པོ་སྐོར་གྱི་བདེ་མཆོག་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས། དེའི་དཀྱིལ་འཁོར་གྱི་ཆོ་ག་དང༌། སྒྲུབ་པའི་ཐབས་ཡན་ལག་དང་བཅས་པ་གསན་ནོ། །ཡང་རྡོ་རྗེ་རྣལ་འབྱོར་མ་ཞལ་གཉིས་མ་ཆེ་བའི་བྱིན་རླབས་ཀྱི་བཀའ་ཞུས་ནས་ཞལ་གཉིས་མའི་སྒྲུབ་ཐབས་ཆེ་ཆུང་གཉིས། དོན་གྲུབ་མ་ཆེ་ཆུང་གཉིས། དབུ་བཅད་མ་ཆེ་ཆུང་གཉིས་ཏེ་ཕག་མོ་གཞུང་དྲུག་ཏུ་གྲགས་པ་དཔྱལ་ལོ་ཙཱ་བའི་ལུགས་ཀྱི་མན་ངག་མང་པོ་དང་བཅས་པ་དང༌། ཟ་ལོ་ཙཱ་བར་གྲགས་པའི་མན་ངག་དུ་མ་གསན་ནོ། །ཡང་རྡོ་རྗེ་རྣལ་འབྱོར་མ་ཞལ་གཉིས་མ་ཆུང་བ། དོན་གྲུབ་མ་ཆུང་བ། དབུ་བཅད་མ་ཆུང་བ་རྣམས་ཀྱི་བྱིན་རླབས་ཀྱི་བཀའ་ཞུས་ནས་སོ་སོའི་