[A:༣༢༧]མཆོག་རིགས་བསྡུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། ཡང་དེ་ཉིད་ལས་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་བདུན་མའི་སྒྲུབ་ཐབས། མཚན་མ་གྱེན་འགྲེང་གི་མན་ངག །རྭ་ལ་སེམས་གཟུང་བའི་མན་ངག །གཏོར་མའི་ཆོ་ག་སློབ་དཔོན་ལ་ལི་ཏ་བཛྲས་མཛད་པ་རྣམས་གསན་ནོ། །ཡང་སློབ་དཔོན་དགེ་བའི་བཤེས་གཉེན་སྤྱིལ་ཕུ་བ་ལས། སློབ་དཔོན་བློ་གྲོས་བརྟན་པས་མཛད་པའི་སུམ་ཅུ་པའི་འགྲེལ་པ། སློབ་དཔོན་བཙུན་པ་ངོ་བོ་ཉིད་མེད་པས་མཛད་པའི་མདོ་སྡེ་རྒྱན་གྱི་འགྲེལ་བཤད་རྣམས་གསན་ནོ། །དེ་ལྟ་བུའི་ཆོས་ཀྱི་ཚུལ་དེ་དག་ཇི་ལྟར་བརྒྱུད་པའི་རིམ་པ་ནི། དེ་ཉིད་ཀྱིས་མཛད་པའི་དཀར་ཆག་ལས་གསལ་བར་བཞུགས་པས་འདིར་མ་བྲིས་སོ། །དེ་ལྟར་དགེ་བའི་བཤེས་གཉེན་དུ་མ་ལས་རིམ་པར་བརྒྱུད་དེ་བྱོན་པའི་དམ་པའི་ཆོས་ཟབ་པ་དང་རྒྱ་ཆེ་བའི་ཆུ་ཀླུང་གྲངས་མེད་པ་ཐམས་ཅད་ཆོས་ཀྱི་རྒྱ་མཚོ་ཆེན་པོར་རོ་གཅིག་ཏུ་གྱུར་ཏེ། ཐོས་པའི་མཛོད་འཛིན་ཆེན་པོ་བཟུང་ནས་སངས་རྒྱས་ཀྱི་བསྟན་པའི་རྩ་ལག་གཅིག་པུར་གྱུར་པ་ཡིན་ཏེ། འདི་ཉིད་ཀྱི་ཞལ་ནས། ཚུལ་ཁྲིམས་དག་པའི་གཞི་བརྟན་ཞིང༌། །མང་དུ་ཐོས་པའི་ཆུ་གཏེར་ཅན། །འཕགས་པའི་བློ་གྲོས་རྒྱ་མཚོ་ལས། །ཞེས་གསུངས་པ་ཡིན་ནོ། །འདི་ནི་བདག་ཉིད་ཆེན་པོ་དེ་དམ་པའི་ཆོས་གསན་པ་འདི་ཉིད་ཀྱིས་མདོ་ཙམ་སྨོས་པ་ཡིན་གྱི་རྒྱས་པར་ནི་ཚད་མེད་པར་ཤེས་པར་བྱའོ། །དེ་ལྟ་བུའི་བདག་ཉིད་ཆེན་པོ་འདིས་ཁ་བ་ཅན་ན་གནས་པའི་སེམས་ཅན་དུ་མ་སྨིན་ཅིང་གྲོལ་བར་མཛད་དེ། སླར་ཡང་སའི་བདག་པོའི་གདན་འདྲེན་པའི་ཕོ་ཉ་དུ་མ་བྱུང་ཞིང༌། ཤར་ཕྱོགས་ན་གནས་པའི་གདུལ་བྱ་དཔག་ཏུ་མེད་པ་ལ་ཐུགས་རྗེས་གཟིགས་ནས། སའི་བདག་པོ་རྒྱལ་པོ་ཆེན་པོ་བཞུགས་པའི་གནས། བོད་ཀྱི་ཡུལ་ནས་དཔག་ཚད་བརྒྱ་ཕྲག་མང་པོའི་ལམ་ཤིན་ཏུ་བགྲོད་དཀའ་བའི་ཆུ་བོ་དུ་མ་དང༌། ཐང་དང༌། རིའི་རྒྱུད་དུ་མ་དང༌། འཕྲང་ལ་སོགས་པ་དུ་མ་ལས་བརྒལ་ཏེ། རིམ་གྱིས་སེམས་ཅན་དུ་མ་ལ་ཆོས་སྟོན་ཅིང་ཉི་འོག་གི་རྒྱལ་ཁམས་