[A:༣༢༨]རྣམས་སུ་སློབ་མའི་ཚོགས་དང་བཅས་པ་བྱོན་པར་གྱུར་ཏོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པར་ཐར་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མདོ་སྡེ་དག་ལས། བྱང་ཆུབ་སེམས་དཔའ་ནི་དཔག་ཚད་བརྒྱའི་ཕ་རོལ་དག་ཏུ་ཡང་སེམས་ཅན་རྣམས་ལ་ཆོས་སྟོན་དུ་འགྲོ་ཞེས་གསུངས་པ་ཡིན་ནོ། །དེའི་ཚེ་རྒྱལ་པོ་ཆེན་པོ་དང༌། དེའི་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དམ་པ་བྱང་ཆུབ་སེམས་དཔའ་ཇིམ་གྱིམ་དང༌། བཙུན་མོ་དང༌། བློན་པོའི་ཚོགས་ཆེན་པོ་དང་བཅས་པ་ཐམས་ཅད་ཀྱིས་རྒྱ་གར་གྱི་གླང་པོ་ཆེ་ལ་རིན་པོ་ཆེའི་དྲ་བས་སྤྲས་པའི་ཁྲི་དང༌། རིན་པོ་ཆེའི་ཟ་ར་ཚགས་མངོན་པར་འཕྱང་བའི་གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། རོལ་མོའི་ཚོགས་རྒྱ་ཆེན་པོ་དུ་མ་དང་བཅས་པ་རྒྱལ་པོའི་འབྱོར་པ་ཆེན་པོས་བསུ་བ་དང༌། མཆོད་པའི་ཁྱད་པར་དཔག་ཏུ་མེད་པ་མཛད་ཅིང་ཕོ་བྲང་ཆེན་པོར་གདན་དྲངས་ནས། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཚུལ་དུ་མ་ཞུས་ཤིང༌། སངས་རྒྱས་ཀྱི་བསྟན་པ་མེ་ཏོག་ཀུ་མུ་དའི་ཚལ་ལ་ཟླ་བའི་འོད་ཟེར་ཤར་བ་ལྟར་ཆེས་ཆེར་གསལ་བར་མཛད་དོ། །དེའི་ཚེ་རྒྱ་བན་ལ་སོགས་པ་གོས་ནག་པོ་གྱོན་པ་རྣམས་ནི། རྒྱ་གར་གྱི་སྡོམ་པ་རྣམ་པར་དག་པ་ཕོག་ནས་ཆོས་གོས་ངུར་སྨྲིག་འཛིན་པར་བསྒྱུར་ཞིང༌། སའི་སྟེང་ཐམས་ཅད་མཆོད་རྟེན་དང༌། གཙུག་ལག་ཁང་དང༌། ངུར་སྨྲིག་གི་རྒྱལ་མཚན་འཛིན་པས་ཁྱབ་པར་གྱུར་ཏེ། དེ་ལྟར་ཡོན་མཆོད་ཆེན་པོ་གཉིས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ནི། དེ་བཞིན་གཤེགས་པ་བཞུགས་པའི་དུས་ལ་འགྲན་པ་བཞིན་གསལ་བར་བྱས་པར་གྱུར་ཏོ། །དེའི་ཚེ་སའི་བདག་པོ་ཆེན་པོ་བཞུགས་པའི་གནས་ཉི་འོག་གི་རྒྱལ་ཁམས་ཆེན་པོ་རྣམས་སུ་སངས་རྒྱས་ཀྱི་བསྟན་པའི་བྱ་བ་དང༌། གདུལ་བྱ་དཔག་ཏུ་མེད་པའི་དོན་མཛད་ནས། སླར་ཡང་ཁ་བ་ཅན་པ་རྣམས་ལ་ཐུགས་རྗེས་གཟིགས་ཤིང༌། ཐུགས་བརྩེ་བར་དགོངས་ནས་སློབ་མའི་ཚོགས་རྒྱ་ཆེན་པོ་དང༌། སའི་བདག་པོ་རྒྱལ་པོའི་སྲས་རྒྱལ་བུ་ཨ་རོག་ཆེ་ཞེས་བྱ་བ་དཔུང་གི་ཚོགས་རྒྱ་