R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༣༣༢
[A:༣༣༢]ཡིད་ཚིམ་པར་མཛད་དོ། །བསྟོད་དབྱངས་རྒྱ་མཚོ་ལ་སོགས་བསྟོད་པའི་སྐོར་དུ་མ་དང༌། བཀྲ་ཤིས་རྒྱ་མཚོ་ལ་སོགས་པ་བཀྲ་ཤིས་ཀྱི་རབ་ཏུ་བྱེད་པ་དུ་མ་མཛད་ཅིང༌། བཀའ་དང་བསྟན་བཅོས་དུ་མའི་འགྲེལ་པ་ཚུལ་མི་འདྲ་བ་དུ་མ་དང༌། ཁྱད་པར་དུ་གསང་བ་འདུས་པ་དང༌། དུས་ཀྱི་འཁོར་ལོ་དང༌། འཁོར་ལོ་སྡོམ་པ་དང༌། ཀྱེ་རྡོ་རྗེ་ལ་སོགས་པ་རྒྱུད་སྡེ་དུ་མ་དེ་དག་སོ་སོའི་དཀྱིལ་འཁོར་གྱི་ཆོ་ག་དང༌། སྒྲུབ་པའི་ཐབས་དུ་མ་དང༌། འགྲེལ་པ་དང༌། ཕྱག་ལེན་གྱི་རིམ་པ་དང༌། མན་ངག་སྣ་ཚོགས་པའི་ཡི་གེ་མཛད་དོ། །དེ་ལྟར་བདག་ཉིད་ཆེན་པོ་འདིས། སྒྲུབ་ཐབས་དང་བསྟན་བཅོས་ལ་སོགས་པ་དཔག་ཏུ་མེད་པ་མཛད་ཅིང༌། སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་གསལ་བར་མཛད་ནས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་པ་ཡིན་ཏེ། འདིར་ཡི་གེ་མངས་པས་མ་བྲིས། རྒྱས་པར་ཤེས་པར་འདོད་ན་དེ་ཉིད་ཀྱིས་མཛད་པའི་དཀར་ཆག་དང་བཀའ་འབུམ་དུ་བལྟ་བར་བྱའོ། །དེ་ལྟར་སྐྱེས་བུ་དམ་པ་འདི་ནི་མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བས་བསྟན་བཅོས་རྩོམ་པ་དང༌། སེམས་ཅན་གྱི་དོན་མཛད་པ་ལ་ཐོགས་ཆགས་མེད་པ་ཡིན་ནོ། །འགའ་ཞིག་གིས་བློ་ལ་མངོན་པར་ཤེས་པ་ཡོད་པར་ཅིས་མངོན་སྙམ་དུ་རྟོག་ན། རྒྱ་གར་གྱི་པཎྜི་ཏ་གོ་ཏམྦྷ་དྲ་ལ་མཚན་མོ་རྨི་ལམ་ཇི་ལྟར་བྱུང་བ་ཐམས་ཅད་བདག་ཉིད་ཆེན་པོ་འདིས་མངོན་པར་ཤེས་པས་མཁྱེན་ནས་ནང་པར་པཎྜི་ཏ་ལ་གསུང་བྱོན་པའི་ཚེ། པཎྜི་ཏ་ཤིན་ཏུ་ངོ་མཚར་བར་གྱུར་ནས། མ་ཧཱ་གུ་རུ་ལ་མངོན་པར་ཤེས་པ་ཨ་ཚི་ཞེས་ཟེར་ཞིང་ཤིན་ཏུ་དད་པར་གྱུར་ཏེ། དེ་དག་ལ་སོགས་པ་རྒྱུ་མཚན་དུ་མའི་སྒོ་ནས་མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བ་སྐྱེ་བོ་དཔྱོད་པ་དང་ལྡན་པ་ཐམས་ཅད་ལ་མངོན་སུམ་དུ་གྱུར་པ་ཡིན་ནོ། །དེ་ནས་བདག་ཉིད་ཆེན་པོ་འདི་སྐུ་ཚེ་དེ་ཉིད་ཀྱི་གདུལ་བྱ་ཐམས་ཅད་སྨིན་ཅིང་གྲོལ་བར་རང་གི་མངོན་པར་ཤེས་པས་མཁྱེན་ཅིང༌། སྐུའི་བཀོད་པ་གཞན་གྱིས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པའི་དུས་ལ་བབས་པར་གཟིགས་ནས་སློབ་དཔོན་ཆེན་པོ་དྷརྨཱ་པ་ལ་