R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༢༩༦
[A:༢༩༦]པ་རྒྱ་ཆེན་པོ་གཏོང་བ་ལ་སྤྲོ་བ་དང༌། ཆོས་ཀྱི་དོན་ཟབ་ཅིང་རྒྱ་ཆེ་བ་དག་ཀྱང་མངོན་པར་བྱེད་ཅིང༌། སྔོན་ཆད་མ་མྱོང་བའི་ལུས་དང་སེམས་ཤིན་ཏུ་བདེ་བའི་ཁྱད་པར་དག་གིས་ཉིན་མཚན་འདའ་བར་བྱེད་དོ། །དེ་ནས་རིམ་གྱིས་བལྟམས་པའི་དུས་དང་ཉེ་བར་གྱུར་པ་ན། དཔྱིད་ཀྱི་དུས་ལ་བབ་པ་ན། ས་གཞི་ཡང་བཻཌཱུརྱ་ལྟར་ཀུན་ནས་ལྗང་བའི་རྩའི་མྱུ་གུ་གསར་པའི་གོས་ནི་གྱོན། མེ་ཏོག་རྣམ་པ་སྣ་ཚོགས་པ་ནི་ཆེད་དུ་བཤམ་པ་བཞིན། བུང་བ་ཆེས་ཕྲ་བ་མང་པོ་ནི་སྒྲ་དི་རི་རི་ཟེར། བྱའི་ཚོགས་དུ་མ་ནི་ཡིད་དུ་འོང་བའི་སྒྲ་སྒྲོགས། ཉི་མ་ཡང་དལ་བུས་རྒྱུ་བས་འོད་ཀྱི་དྲ་བ་གསལ་བར་འབྱིན་ཅིང་མངོན་པར་ཞེན་པར་གྱུར་པ་ལྟ་བུ་ན། ཚེས་གྲངས་དང་རྒྱུ་སྐར་བཟང་པོ་ལ་བབས་པར་གྱུར་པའི་ཚེ་ཡུམ་ལ་ཡང་གནོད་པ་མེད་ཅིང་ངོ་མཚར་བའི་ལྟས་དུ་མ་དང་བཅས་པས་བདེ་བར་བལྟམས་སོ། །དེ་ལྟར་བལྟམས་པའི་ཚེ་ས་ཆེན་པོ་རྒྱ་མཚོའི་མཐའ་ཀླས་པ་འདི་ཡང་དལ་བུས་གཡོ་ཞིང༌། ནམ་མཁའ་ལས་ཀྱང་ལྷའི་བུ་རྣམས་རོལ་མོའི་སྒྲ་སྙན་ཅིང་འཇམ་པ་དག་འབྱིན་ལ། མེ་ཏོག་དང་སྤོས་ཀྱི་ཆུ་དྲི་ཞིམ་པོ་འདྲེས་པའི་ཆར་དག་ཀྱང་འབབ་པར་བྱེད། འོད་ཟེར་ཁ་དོག་དུ་མའི་དྲ་བ་དག་གིས་ཀྱང་ཕྱོགས་ཀྱི་ཐ་གྲུ་གསལ་བར་བྱེད་པ་ལ་སོགས་པ་འཕགས་པ་རྣམས་ཇི་ལྟར་བལྟམས་པའི་ལུགས་དང་མཐུན་པར་བདག་ཉིད་ཆེན་པོ་འདི་ཡང་འཁྲུངས་པས་ན་མཚན་ཡང་དེ་སྐད་ཅེས་བྱའོ། །དེ་ལྟར་ཐུབ་པས་ལུང་བསྟན་འཕགས་པའི་མཆོག །སེམས་ཅན་དག་པ་དེ་ནི་འདིར་བྱོན་པས། །ཉི་མའི་དཀྱིལ་འཁོར་སླར་ཡང་ཤར་བ་བཞིན། །ཕྱོགས་ཀྱི་ཐ་གྲུ་འོད་ཀྱི་དྲ་བས་ཁྱབ། །དེ་ཚེ་མཁའ་ལ་ལྷ་ཡི་མེ་ཏོག་ཆར། །སྤོས་ཆུ་འདྲེན་པ་སླར་ཡང་འབབ་གྱུར་ཅིང༌། །ཡིད་འོང་སིལ་སྙན་དུ་མའི་སྒྲ་འབྱིན་ལ། །ས་གཞི་རིར་བཅས་དགའ་བས་གཡོ་བར་གྱུར། །དེ་ཚེ་ས་སྟེངས་རིམས་ནད་ཁྲག་འཁྲུག་མེད། །སྣོད་རྣམས་རིན་ཆེན་སྨན་དང་འབྲུ་ཡིས་གང༌། །སྐྱེ་དགུ་འབྱོར་བའི་ཡ་མཚན་དུ་མ་ཡིས། །རྫོགས་ལྡན་