[A:༦ན]ནས། རང་ཡུལ་འཁོར་བའི་ཁྱིམ་ཐབ་དང་འདྲ་བའི་ཕ་ཡུལ་བདུད་ཀྱི་བཙོན་ར་ལས་ལེགས་པར་འཐོན་ནས། དབུས་གཙང་དག་པའི་ཞིང་དུ་ཉེ་བར་བྱོན་ཏེ། རང་གི་ཡབ་གྱུར་འཇམ་དབྱངས་ཆོས་ཀྱི་རྒྱལ་པོ་ཉིད་ལ་མདོ་སྔགས་ཀུན་གྱི་བཀའ་ལུང་གིས་ཐུགས་རྒྱུད་ཡོངས་སུ་གང་བར་རྗེས་སུ་དགོངས་པའི་ལྷག་བསམ་མཆོག་གིས། ཞབས་ཀྱི་པད་མོ་མཆོག་ལ་ཉེ་བར་གཏུགས་ཏེ། ཐོས་པ་རྒྱ་མཚོའི་གླིང་དུ་ཉེ་བར་ཞུགས་པར་གྱུར་ཏོ། བསྟན་རྩ་ལེགས་གསུངས་འདུལ་བའི་སྒོར་ཞུགས་ཤིང་། བསྟན་འཛིན་མཁས་གྲུབ་དུ་མའི་ཞབས་པད་བསྟེན། བསྟན་ལ་དགོངས་ནས་རང་ཡུལ་ཉེར་སྤངས་ཏེ། བསྟན་པའི་འབྱུང་གནས་མཆོག་ཏུ་ཉེ་བར་ཆས། ཕ་ཡུལ་བདུད་ཀྱི་རྒྱ་ལས་རིང་གྲོལ་བའི། བློ་ལྡན་སྐྱེས་བུ་ནམ་དུའང་བདེ་བར་གནས། བདུད་ལས་དང་དུ་ལེན་པའི་རྨོངས་པའི་ཚོགས། འབད་དེ་འཁོར་བའི་ཁང་བུར་ཉེ་བར་འཇུག གང་ལ་བསྟེན་ན་མི་དགེ་འཕེལ་བའི་གྲོགས། ཚེ་འདིའི་ཕ་མ་ཉེ་འདུན་ཉིད་ཡིན་ཀྱང་། ཕན་སེམས་བདུད་དུ་འབབ་པའི་ཆོས་པ་འགའ།