[A:༢བ]དབྱིག་གཉེན་གཉིས་པ། ཨ་མོ་གྷ་སིདྷི་ཞེས་འཛམ་གླིང་ཀུན་དུ་ཉི་མ་དང་ཟླ་བ་ལྟར་གྲགས་པ་འདིའི་རྣམ་པར་ཐར་བའི་ཚུལ་ནི་དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་སྤྱན་ལྡན་ཞིག་ལས། བདག་འདྲ་སོ་སོ་སྐྱེ་བོ་བྱིས་པའི་བློ་ཅན་འགའི་སྤྱོད་ཡུལ་མ་ཡིན་མོད་ཀྱང་། འདིར་རང་གི་མོས་པ་གཙོ་བོར་བྱས་ནས་འཇིག་རྟེན་ལྟར་སྣང་དང་བསྟུན་པའི་ཀུན་དང་ཐུན་མོང་དུ་གྱུར་པའི་རྣམ་པར་ཐར་པའི་སྒོ་ཅུང་ཟད་གླེང་གི། སྐལ་བ་དང་ལྡན་པ་དག་རྣ་བ་བླང་ཏེ་ཉོན་ཅིག དེ་ལ་བདག་གི་བླ་མ་དམ་པ་མཁས་པའི་འདིའི་འཁྲུངས་པའི་ཡུལ་ནི། སྟོད་མངའ་རིས་སྐོར་གསུམ་ལས། སྨད་ཀྱི་སའི་ཐིག་ཆེན་སྨོན་ཐང་རྒྱལ་པོའི་ཁབ་དང་ཉེ་བའི་ཁམས་གསུམ་རྣམ་པར་རྒྱལ་བའི་ལྗོངས་ཀྱི་ནུབ་ངོས་ཀྱིས་ཤིན་དུ་ཡིད་དུ་འོང་ཞིང་འབབ་ཆུ་ཤེལ་གོང་ལྟར་དངས་པའི་རྒྱུན་ཕྱོགས་སུ་འཁོར་ཞིང་འབབ་པ། ནེའུ་སེང་སྔོན་པོ་རིན་ཆེན་ཨནྜ་རྙིལ་གྱི་ཕྱི་མ་ཡོངས་སུ་བརྡལ་ལྟ་བུ་ངོས་སྙོམས་ཤིང་ཁྱོན་ཡངས་པར་ཁ་དོག་སྣ་ཚོགས་པའི་མེ་ཏོག་གིས་ལེགས་པར་ཁེབས་པ། འབྲུ་དང་ལོ་ཐོག་ཕུན་སུམ་ཚོགས་པའི་འབྱུང་གནས་སུ་