[A:༣༥༢]དྲུང་རབ་བྱུང་བསྙེན་རྫོགས་པ། །མང་དུ་བྱུང་བའི་གྲོགས་ལྡན་དང༌། །སོ་ཐར་ལ་སོགས་བསླབ་བྱ་རྣམས། །སློབ་དགོས་རིམ་པ་བར་མ་ཆད། །བྱུང་བ་དམིགས་རྣམས་བྱེད་པར་བསླབས། །དེ་ལྟའི་ཆོས་ལུགས་ལོ་བདུན་བསྐྱངས། །དེ་རྗེས་སྣར་ཐང་ཟླ་གཅིག་བསྡད། །དེ་རྗེས་དཔལ་ལྡན་ས་སྐྱར་ཕྱིན། །བྱ་བྲལ་ངང་ནས་ཐོས་པ་དང༌། །བསམ་སྒོམ་གྱི་བྱ་བ་འགྲུབ་ཚད་བྱས། །སུ་དང་འགྲས་འདྲིས་མེད་པ་ཡིས། །རང་དགའི་སྤྱོད་པས་བདེ་བར་བྱུང༌། །གྲྭ་ས་འགྲིམ་པའི་རིམ་པ་ལ། །འདུལ་བ་ལུང་དང་མདོ་རྩའི་སློབ་གཉེར་ལྷག་མ་ལ་ཚོགས་པའི་གསེབ་ཏུ་ལོ་གཅིག །མཛོད་བླ་མ་འབྲེལ་ལ་ཉན། གནམ་ཕྱིང་དཀར་དུ་མངོན་པ་ཀུན་ལས་བཏུས་དང་ཕར་ཕྱིན་གཉིས་བཅོམ་ལྡན་པའི་ཊཱི་ཀ །ཇོ་བོའི་ཆོས་འབྱུང་བརྒྱ་རྩ། བརྒྱད་སྟོང་དོན་བསྡུས་ལ་སོགས་པ་མཉན་པ་ལ་དབྱར་གཞུང་གཅིག །བླ་མ་མལ་ལོ་ཙཱ་བའི་དྲུང་དུ། དུས་ཀྱི་འཁོར་ལོའི་འགྲེལ་པ་སྐོར་གསུམ་ཆ་ལག་དང་བཅས་པ། རྡོ་རྗེ་ཕྲེང་བ་ལན་གཉིས། སྦྱོར་དྲུག་རིགས་ཀྱི་འཇིག་རྟེན་མགོན་པོའི་རྟོགས་པ་ལྔ་བཅུ་པ་བྱིན་རླབས་དང་བཅས་པ་དང༌། གཞན་མང་དུ་ཞུས། བཙས་མ་ནས་ཡུར་མའི་བར་གུང་ཐང་ཚེས་བཅུ་ནས་གྲྭ་སྐོར་དང་གསང་ཕུའི་གྲྭ་སྐོར། རྗེས་ཕར་ཕྱིན་འོད་ཟེར་མགོན་པོའི་ཊཱི་ཀ་དང༌། སྤྱོད་འཇུག་ཁ་རག་པའི་ཊཱི་ཀ་དང་བཅས་པ་ཉན་པ་ལ་ཟླ་བ་གཉིས། གཞན་ཡང་བར་སྐབས་ལ་འཇམ་དབྱངས་རྫོགས་པ་ལ་ཞི་བྱེད་སོ་ལུགས་མའི་གཅོད་སྐོར་ལ་སོགས་པ་ལ་ཟླ་བ་གཉིས་ཙམ། བྲག་ཏུ་བླ་མ་མཁན་ཤག་པ་ལ་དོ་པའི་གཅོད་སྐོར་གསུམ་ལ་སོགས་པ་ཆོས་ཕལ་ཆེར་དང༌། རྡོ་ལ་སོགས་པའི་དཀའ་ཐུབ་ཀྱི་རིགས་རྣམས་ཞུས་པའི་དུས་མ་གཏོགས་པར་སྔར་གྱི་གྲྭ་ས་དང༌། ས་སྐྱ་ཁོ་ནར་གཙོ་ཆེར་བསྡད། གྱེ་རེར་བླ་མ་སྒང་སྟོན་ལ་ལམ་འབྲས། ནག་འཇིགས་ལ་སོགས་ཟླ་བ་ཕྱེད་དང་གཉིས། ཉན་པོ་དང་ལ་སྟོད་བྱང་གི་ཆར་ལོ་གཉིས་བསྡད། ལ་སྟོད་བྱང་དུ་སློབ་དཔོན་རིན་པོ་ཆེ་འོད་ཟེར་ལ་ཞི་བྱེད་སྐམ་ལུགས་ཆ་ལག་དང་བཅས་པ་ཚང་མར་ཞུས། སྣར་ཐང་དུ་སློབ་དཔོན་བྱང་