[A:༣༥༣]སེང་བ་བསོད་ནམས་འཕེལ་ལ་ཟླ་བ་གཅིག །བསམ་ལྡིངས་སུ་མཁན་པོ་དོན་གྲུབ་འོད་ལས་དོན་ཞགས་ལ་སོགས་ཟླ་བ་གཅིག་ཞུས། སྒོམ་པའང་བྱས་མོད་ཀྱི་ཉན་པ་ཁོ་ན་དང༌། བྱ་བྲལ་ཟང་མའི་སྐབས་སོ། །ཞེ་གཅིག་པར་ཕྱིན་ནས་རང་གི་ཚེའི་ཅི་ཐུབ་རི་ཁྲོད་ཁོ་ན་འགྲིམ་སྙམ། སྔར་ཡང་སྒོམ་ཆོས་ཁོ་ན་ཞུས་ཀྱང་ལམ་འབྲས་དེ་མ་ཐོབ། ཞུ་བར་འདོད་ནས་དྲིས་པས་གྱེ་རེ་ན་བླ་མ་སྒང་སྟོན་བྱ་བ། སྤྱིར་ས་སྐྱ་པའི་དགེ་བཤེས་སྒོས་སུ་བླ་མ་ཉི་ཐོག་པ་དང༌། རིན་པོ་ཆེ་ཚོགས་པའི་བུ་རྒན་ལམ་འབྲས་བདག་པོར་ཡོད་ཟེར་བ་ཐོས་ནས་སོས་ཀ་ཅིག་ཕྱིན་ནས་ཞུས་པས། ཆ་རྐྱེན་ཙམ་མེད་ཀྱང་གསུང་གླེང་བྱས་པས། གོ་བར་འདུག་གི་གསུངས་ནས་མཉེས་ཏེ། ཟླ་བ་གཅིག་ལ་དབང་བྱིན་རླབས་ཁྲིད་དང་བཤད་པ་རྫོགས་པ། བདག་གི་ཞོར་ལ་དགེ་བཤེས་གཞན་འདྲ་དང་སུམ་ཅུ་ཙམ་གྱིས་ཐོབ་པ་བྱས། ཁྲིད་ཆིག་ཁྲིད་ལས་མ་བྱུང༌། དེར་ཁོང་གི་དབྱར་སྡོད། ཆོས་དང་བརྒྱགས་གང་དགོས་བྱ་གསུངས་ཀྱང་དཀོར་ལ་འཛེམ་པས་ལུང་སྟོང་ཅིག་ཏུ་ཕྱིན་པས། བླ་མའི་གསུང་ལ་མ་ཉན་པའི་ཉེས་པས་དགེ་སྦྱོར་མ་འཕེལ་སྟོན་དྲུང་དུ་འགྲོ་སྙམ་ཙ་ན་སྐུ་གཤེགས། དེའི་ཕྱི་ལོ་མཁན་པོ་སྲེག་ཤིང་པ་ལ་ཚར་གཅིག་ཞུས། དེས་ཀྱང་སྤྲོས་པ་ཅུང་མ་ཆོད། བླ་མ་ཉན་པོ་པའི་སྙན་པ་སྔར་ནས་ཐོས་ཏེ། འབྱོར་པ་མེད་པ་དང་ཐག་རིང་བས་བློ་བསད། དུས་ཕྱིས་ཡུལ་ཕྱོགས་དང་འབྲེལ་པ་བློས་དོར་བའི་སྒྲུབ་པ་ཅིག་བྱེད་དགོས། ཕ་ནི་བཙུན་པ་བྱས་ནས་ལོ་གསུམ་ན་ཤི །མ་དང་ཆུང་བདག་འདྲ་བསྐྱང་དགོས་ཡོད་དེ་བློས་བཏང་ལ། གཅིག་པུར་སྤྲང་འཁྱམ་ལ་འགྲོ་སྙམ་པ་ཞེ་ལ་ཡོད། ཁ་རུ་ཡང་དམ་དུམ་རེ་ཤོར་བ་ཡིན་པར་འདུག་དེའི་ཚེ་སློབ་དཔོན་ཚེ་འདི་བློས་བཏང་བྱེད་ན་ང་ཡང་ཡང་ཁྲིད། ང་ཡང་ཐམས་ཅད་བློས་བཏང་ཟེར་བ་བཅུ་ལྷག་ཅིག་བྱུང༌། མ་མཐའ་ཡང་ཡུལ་ཕྱོགས་དང་འབྲེལ་པ་སྤྲོས་པ་ཆོད་དམ་བྱས་པས་ཆོད་ཟེར། དེ་ནས་ཇེ་ཉུང་ལ་སོང༌། ཆོད་ངོ་ཤེས་པར་ང་རང་དང་ལྔ་བྱུང༌། བླ་མ་ཉན་པོ་པའི་དྲུང་དུ་ལོ་གསུམ། དེ་ནས་ལོ་