[A:༣༧༨]གཞི་ཐོག་ཏུ་སློབ་དཔོན་ཆེན་པོ་ནམ་མཁའ་རྒྱལ་མཚན་གྱིས་ཚད་མའི་སློབ་དཔོན་གྱིས་སློབ་གཉེར་མགོ་ཐོན་གསུངས་པ་ལ། བདག་གིས་མི་འོང་གཞན་སུ་ལ་ཞལ་ད་བྱོན་ཡང་ཆོག་མི་གསུང་པར་ཞུས་པས་མ་གསན། འོ་ན་བུ་ཆུང་གིས་བཤད་གསར་ནམ་ཟིན་པའི་སྔ་དྲོ་བདག་དགེ་སྦྱོར་ཞིག་ལ་འགྲོ་བས། དེ་ནས་དེའི་གེགས་སུ་འགྲོ་བའི་ཞལ་ད་མ་གནང་བས། དེ་བར་ལ་བཞུགས་པའི་ཆད་སོ་བྱས། དེར་བཞུགས་ཀྱི་བར་ལ་ཡང་ཁེངས་གྲགས་དང་རྙེད་པ། བཀུར་སྟི་ལ་སོགས་པ་མི་ཆེན་གྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་རྣམས་ལ། སྐྱུག་ནད་ཅན་གྱི་སྔས་སུ་ཟས་བཞག་པ་ལྟ་བུ་ཞེན་ལོག་གི་བསམ་པས་གང་ལ་ཡང་ཆགས་པ་མེད་ཅིང་ངེས་འབྱུང་གི་བསམ་པ་དྲག་པོ་ཁོ་ན་འཁྲུངས་ཏེ་ང་འདི་ནས་ནམ་ཐོན་པའི་དུས་ཅིག་འོང་ངམ་སྙམ་པས་སུ་དང་ཡང་བློ་སྣ་མ་བསྟུན་ཅིང༌། དཔོན་ཆེན་ལ་སོགས་པ་མི་ཆེན་ནང་མི་ཐམས་ཅད་ལ་ཡང་བསྟུན་ཆ་དང་སེམས་འཛིན་ཆེན་པོ་ཡེ་མ་བྱས། འདི་ཚོ་དང་བསྟུན་ནས་དགའ་འབྲེལ་མང་ན་ད་གཟོད་བཅིངས་ནས་ཆོས་ལ་གཏོང་དུ་མི་འདོད། འདི་ཚོ་ དང་མ་བསྟུན་ཡང་མི་བརྩི་བ་ཅིག་བྱུང་ན་རང་གི་འདོད་པ་གྲུབ་སྙམ་པས་ཕྱེད་དཀར་གྱི་སྤྱོད་པ་མང་པོ་བྱས་གསུང༌། དེ་ནས་ལོ་གཅིག་ལྷག་སོང་བ་དང་ཆོས་ཁྲི་ཐང་དུ་བུ་ཆུང་གིས་བཤད་གསར་ལེགས་པར་ཚར་བའི་སྔ་དྲོ། བུ་ཆུང་གིས་སློབ་དཔོན་བྱེད་དགོས། གསུངས་ནས་ནན་ཆེར་གསུང་བྱུང་ཡང༌། སྔར་གྱི་འཇམ་དབྱངས་པ་དང་ཆད་སོ་བྱས་པ་བཞིན། བྲག་ཁར་ཆོས་རྗེ་གྲགས་པ་སེང་གེའི་དྲུང་དུ་བྱོན་ནས་བཞུགས་པས། ཆོས་རྗེ་པའི་གསུང་ནས་ཆོས་ཐག་ཆོད་བྱེད་ན་ཡུལ་གྱི་འཁྲི་བ་ཆོད་ལ་ཤོག །ལྟོ་གོས་ཆོས་གསུམ་ངས་སྦྱོར་བ་ཡིན་གསུངས་ནས། ཡུལ་ཕྱོགས་སུ་བྱོན། ཞིང་ཡུལ་ཡོད་པ་རྣམས་བཙོངས། རིན་ལ་གོས་ཕྱི་ནང་ལ་སོགས་པའི་སྲང་བཅུ་བདུན་བྱུང༌། སེ་གཅིག་ཀྱང་མ་བཟུང་བར་ཆོས་རྗེའི་ཕྱག་ཏུ་ཕུལ། གཞན་ཞོ་གང་ཡང་བདག་བཟུང་མ་མཛད་དེ། སྤྱིལ་པོ་སྟོང་པ་ཅིག་ཏུ་བཞུགས་ནས་ད་ནི་བླ་མ་འདིའི་དྲུང་དུ་ཚེ་དང་སྒྲུབ་པ་མཉམ་པ་ཅིག་བྱས་