[A:༣༢ན]རྣམས། །ཞེས་ནས་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་བྱ་དེ་གྲུབ་ནས། །གཏོར་མགྲོན་གཤེགས་གསོལ་དེ་ནས་ནི། །སེམས་བསྐྱེད་གསལ་བཏབ་སོགས་བྱས་ལ། །ཁྲིད་དང་ལུང་གི་ཐུན་བྱེད་དོ། །བླ་མས་གཏོར་འབུལ་མཛད་སྐབས་སུ། །སློབ་མ་རྣམས་ཀྱིས་མཎྜལ་འབུལ། །དེ་ལྟའི་ལག་ལེན་གསལ་བ་འདི། །བདེ་མཆོག་ནག་པོའི་ཁྲིད་ཆེན་ཉིད། །གནང་དུས་བླ་མའི་ཕྱག་ལེན་དེ། །བརྗེད་དེ་འཇིགས་ནས་འདི་བྲིས་སོ། །རིམ་བཞི་གནང་སྐབས་ཕྱག་ལེན་ནི། །གོང་དུ་བཤད་པ་དེ་དང་འདྲ། ༈ །ལཱུ་ཧི་ལུགས་ཀྱི་བདེ་མཆོག་གི །ཁྲིད་གནང་དུས་ཀྱི་ཕྱག་ལེན་ནི། །གཞན་རྣམས་ནག་པོ་པ་བཞིན་ལས། །སྲུང་འཁོར་ལཱུ་ཧི་པ་རང་གི །སྒྲུབ་ཐབས་བཞིན་དུ་བསྒོམ་པ་ཡིན། ༈ །དྲིལ་བུ་ལུགས་ཀྱི་བསྐྱེད་རྫོགས་ཀྱི། །ཁྲིད་འཆད་དུས་ཀྱི་ཕྱག་ལེན་ནི། །གཞན་རྣམས་ནག་པོ་པ་དང་འདྲ། །སྲུང་འཁོར་ལཱུ་ཧི་ལུགས་བཞིན་མཛད། །དེ་ལྟའི་ལག་ལེན་རིམ་དེ་དག །བླ་མའི་ཕྱག་ལེན་ཟིན་པ་ཡིས། །ལུགས་བྱས་དོན་གཉིས་བསྒྲུབ་ཕྱིར་བྲིས། ༈ །དཔྱིད་ཐིག་སྐབས་ཀྱི་མ་ནིང་གི །ཡི་གེ་བཞི་ནི་རྀ་རྀ་དང་། །ལྀ་ལྀ་ལ་ཟེར་ཡིན་ནོ་ཞེས། །བདག་ལ་བཀའ་དྲིན་མཉམ་མེད་པའི། །རྗེ་བཙུན་མུས་པ་ཆེན་པོས་གསུངས། །གསུང་དེ་བརྗེད་དོགས་འདིར་བྲིས་ལགས། ༈ །ཡང་ཆོས་ཀྱི་རྗེ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་ཉིད་ཀྱི་དྲུང་དུ། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བརྗོད་དོན་ཐམས་ཅད་གཅིག་ཏུ་འདུས་པའི་རིམ་ལྔའི་ཁྲིད་ཟབ་མོ་འགོས་ལུགས་སུ་གྲགས་པ། རྗེ་རྡོ་རྗེ་འཆང་དང་། ཀུན་མཁྱེན་གྱིས་མཛད་པའི་ཁྲིད་ཡིག་ཟུང་འཇུག་གསལ་