R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༣ན
[A:༣༣ན]གོང་དང་འདྲ། རྗེ་རྡོ་རྗེ་འཆང་དང་། ཀུན་མཁྱེན་གྱིས་མཛད་པའི་ཁྲིད་ཡིག་ཟུང་འཇུག་གསལ་བ་ཡང་ཐོས་སོ། ༈ །དཔལ་གསང་བ་འདུས་པ་འཕགས་ལུགས་ཀྱི་བསྐྱེད་རིམ་གྱི་བཤད་པ་རྒྱ་གཞུང་རྣམས་དང་། པཎ་ཆེན་གུང་རུ་སོགས་ཀྱིས་མཛད་པའི་རྣམ་བཤད་མང་པོའི་སྟེང་ནས། རྗེ་རྡོ་རྗེ་འཆང་གི་སྒྲུབ་ཐབས་དངོས་གྲུབ་རྒྱ་མཚོ་དང་སྦྱར་བ་ཤིན་ཏུ་རྒྱས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་ཆོས། ཡེ་ཤེས་ཀྱི་མཁའ་འགྲོ་མ། རྒྱ་གར་ལྷོ་ཕྱོགས་ཀྱི་ཨོ་ཌི་ཤའི་རྒྱལ་པོ་བི་སུ་ཀལྤ། བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ། རྒྱལ་པས་ལུང་བསྟན་དགེ་སློང་དཔལ་ལྡན། དེ་ལ་སློབ་མ་མཆོག་བཞི་སྟེ། ཤཱཀྱ་བཤེས་གཉེན། འཕགས་པ་ལྷ། ཀླུའི་བྱང་ཆུབ། ཟླ་བ་གྲགས་པ། དེ་བཞིས་སློབ་པའི་རྡོ་རྗེ་ལ། དེས་ནག་པོ་སྤྱོད་པ་ལ། དེས་དྲི་མེད་བློ་གྲོས། ས་འདྲེས་པ་ཆེན་པོ། དེས་པཎ་ཆེན་བིརྺ་བྷ་དྲ། དེ་ཝ་ཨ་ཀ་ར་ཙཎྜ། རཏྣ་ཨ་ཀ་ར་ཤནྟི། དཔལ་སྦས། མར་མེ་མཛད་དེ་ལྔ་ལས། རྗེ་རིན་པོ་ཆེ་འགོས་ཀྱིས་ཤན་ཏི་པ་དང་། དཔལ་སྦས་གཉིས་མ་གཏོགས། ས་འདྲེས་པའི་སློབ་མ་གསུམ། རྒྱ་གར་ཤར་ཕྱོགས་ན་རྒྱལ་པོ་སྤྲིན་གྱི་ཤུགས་ཅན། རྡོ་རྗེ་གདན་གྱི་ནག་པོ་པ། ཁ་ཆེ་ཁྲི་བརྟན་གྱི་ཙཎྜ་ཧ་རི། བལ་པོ་རྫོང་གི་ནཱ་ག་ཀོ་ཊི། བལ་པོ་མཐིལ་གྱི་ཙ་ཧུང་། ས་ར་ཧ་པ་རྣམས་ལ་ཞུས་པ་ལས། འདི་པཎྜི་ཏ་མངོན་ཤེས་ཅན། བཙུན་མོ་ཅན། ནག་པོ་པ་གསུམ་གྱི་ལུགས་གཙོ་ཆེའོ། །རྗེ་འགོས་ལ་སློབ་མ་རྒྱུད་ཀྱི་ཀ་བ་ཚུགས་པ་བཞི། མན་ངག་གི་གདུང་ཐེག་པ་བརྒྱད། ལས་ཚོགས་དང་འཕྲིན་ལས་ལ་མཁས་པ་ལྕམ་དང་དྲལ་མ་