[A:༦༢བ]སྟོན་པ་རྣམས་ཀྱི་ནང་ནས་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་ལས་སྟོད་འབྲོའི་ཡུལ་དུ་སྐུ་འཁྲུངས་པ། མཚན་བརྗོད་པར་དཀའ་བའི་བདག་ཉིད་ཆེན་པོ་ལ་བཤད་དོ་ཞེས་གསུངས་པ་འདི་བླ་མ་ས་སྐྱ་པ་ཆེན་པོ་ཡིན་ནམ་མིན། ཡིན་ན་ས་ཆེན་གྱིས་མ་མཛད་པ་གཞིར་བཞག་ལ། མིན་ན་ས་ཆེན་གྱི་བླ་མ་གང་ལ་ངོས་འཛིན། པུ་ཧྲང་ལོ་ཆུང་དང་། སུ་མ་ཏི་ཀིརྟི་ནི་འཁྲུངས་ཡུལ་གྱི་སྟབས་ཀྱིས་མིན་པས། སྔར་སྨོས་པའི་དེ་ནི་ས་ཆེན་ཉིད་ཡིན་པར་ཤེས་པར་བྱའོ། །བཀའ་འབུམ་ནང་གི་ཆོས་སྣའི་གྲངས་ལྔ་བཅུ་ང་བཞི་ཡོད། འགའ་ཞིག་གིས་སུམ་ཅུ་རྩ་ལྔ་ཞེས་པའང་བཤད། འདི་རྣམས་ཀྱི་ལུང་དང་གླེགས་བམ་ཕྱོགས་གཅིག་ཏུ་བསྡེབས་པ་དང་པོ་ནས་མེད་ཀྱང་། དུས་ཕྱིས་བླ་མ་དམ་པ་དཔལ་ལྡན་སེང་གེའི་ཐུགས་དགོངས་རྫོགས་པའི་ཕྱིར་དུ། འགྲོ་བའི་མགོན་པོ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་བཀས་བསྐུལ་ཏེ། མཁན་པོ་ཤེས་རབ་རྡོ་རྗེས་ལུང་སུ་ཡོད་ལ་ཞུས་ཤིང་། དེ་ནས་མཁན་ཆེན་རྒྱལ་བ་བཟང་པོ། མཁན་ཆེན་བྱང་ཆུབ་སེང་གེ ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། ས་ལོ་འཇམ་པའི་རྡོ་རྗེ། ཡོངས་འཛིན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །འཇིག་རྟེན་དབང་ཕྱུག་གི་སྤྲུལ་པའི་སྐུ་རྒྱལ་སྲས་རིན་པོ་ཆེ་ཐོགས་མེད་བཟང་པོ་དཔལ་གྱི་བཀའ་འབུམ་ཐོར་བུ་བའི་རྣམ་གྲངས་ལ། འཇམ་དབྱངས་འཁོན་སྟོན་ཐུགས་རྗེ་