[A:༥༨བ]པར་ཐོས་སོ། །གཉན་གྱིས་མཛད་པ་འདིར་ཡོང་བ་ཡང་སྔར་གྱི་རྒྱུ་མཚན་དང་མཚུངས། རྗེ་མུས་སྲད་པའི་གསུང་ལས། མུ་ཏིག་ཕྲེང་བ་འདི་གཉན་གྱིས་མཛད་ཟེར་ཡང་བརྟག་དགོས་གསུངས་ཤིང་། ཁོང་རང་ས་ཆེན་གྱིས་མཛད་པར་བཞེད། དེ་ལྟར་ན་འདིའི་དབུ་ཕྱོགས་ན་བརྒྱུད་པ་སྨོས་སྐབས། རྡོ་རྗེ་འཆང་ནས་བླ་མ་མལ་ལོ་ཙཱ་བ་ལ་བརྒྱུད་ཚུལ་གྱི་བར་གསུངས་པའི་རྗེས་སུ། དེས་བདག་ཉིད་ཀྱི་བླ་མ་རྩོད་པའི་དུས་སུ་རྡོ་རྗེ་ཐེག་པ་སྟོན་པ་རྣམས་ཀྱི་ནང་ནས་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་ལས་སྟོད་འབྲོ་ཡི་ཡུལ་དུ་སྐུ་འཁྲུངས་པ། མཚན་བརྗོད་པར་དཀའ་བའི་བདག་ཉིད་ཆེན་པོ་ལ་བཤད་དོ་ཞེས་གསུངས་པ་འདི་བླ་མ་ས་སྐྱ་པ་ཆེན་པོ་ཡིན་ནམ་མིན། ཡིན་ན་འདི་ས་སྐྱ་ཆེན་གྱིས་མ་མཛད་པ་གཞིར་བཞག་ལ། མིན་ན་ས་ཆེན་གྱི་བླ་མ་གང་ལ་ངོས་འཛིན། པུ་ཧྲང་ལོ་ཆུང་དང་། སུ་མ་ཏི་ཀིརྟི་ནི་འཁྲུངས་ཡུལ་གྱི་སྟབས་ཀྱིས་མིན་པས། སྔར་སྨོས་པ་དེ་ནི་ས་ཆེན་ཉིད་ཡིན་པར་ཤེས་པར་བྱའོ། །བཀའ་བུམ་ནང་གི་ཆོས་སྣའི་གྲངས་ལྔ་བཅུ་ང་བཞི་ཡོད། འགའ་ཞིག་གིས་སུམ་ཅུ་རྩ་ལྔ་ཞེས་པའང་བཤད། ༈ །གཞན་སྡེའི་མུན་པ་འཇོམས་མཛད་མི་ཐུབ་ཟླ། །དགེ་ལེགས་བསོད་ནམས་ཤར་རིའི་རྩེར་འཕགས་པ། །མཁྱེན་རབ་དཔལ་མོའི་བདུད་རྩི་འོད་དཀར་ཅན། །དཔལ་ལྡན་རྩེ་མོའི་ཞབས་ཀྱིས་བདག་ཅག་སྐྱོངས། །ཞེས་པའི་བསྟོད་ཡུལ་དམ་པར་གྱུར་པ་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་གསུང་རབ་རྣམས་ཐོས་པའི་ཆོས་ཀྱི་རྣམ་གྲངས་ལ། བླ་མ་ས་སྐྱ་པ་ཆེན་པོ་ལ་བསྟོད་པ་ཚངས་དབང་མ་ཤླཽ་ཀ་བཅོ་ལྔ་ཡོད་པ། ཡང་བརྒྱུད་པ་དང་བཅས་པའི་བསྟོད་པ་གང་ཐུགས་མ། ཕྱ་པ་